རྒྱ་ནག་གི་གསང་ཉུལ་བའི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་ཞིག་གིས་བོད་མིའི་སྤྱི་ཚོཊ་ནང་དུའང་སྙོབས་ཐབས་བྱེད་ཡོད་ཚོད་འདུག

རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་གི་གནས་ཚུལ་མཁོ་སྒྲུབ་བྱེད་པའི་ཉེས་འཛུཊ་འོག་འཇར་མ་ནིའི་ Dresden ས་གནས་ཉེན་རྟོག་པས་མི་སྣ་ཞིག་འཛིན་བཟུང་བྱས་འདུག

ཨེ་པི།

ཡོ་རོབ་གྲོས་ཚོགས་འཐུས་མིའི་ལས་བྱེད་པ་འཇར་མི་ནིའི་མི་སེར་ཡིན་པ་ གྷའོ་ཇེན་ (Guo Jian) ཟེར་བ་ཞིག་གིས་རྒྱ་ནག་གི་གསང་ཉུལ་བའི་ལས་དོན་གཉེར་ཏེ་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་མང་གཙོ་དོན་གཉེར་བའི་ཚོགས་པ་དང་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་པའི་ཚོགས་སྒེར་ཐོག་ཉུལ་ཞིབ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག་ཕྱི་ཟླ་ ༤ ཚེས་ ༢༢ རེས་གཟའ་ཟླ་བའི་ཉིན་འཇར་མ་ནིའི་ Dresden ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། མི་དེ་ནི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ Maximilian Krah ཡི་ལས་ཁུངས་ཀྱི་ལས་བྱེད་ཞིག་ཡིན་པའི་སྐོར་ལས་འགུལ་བ་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
འཇར་མི་ནིའི་གཞུང་གི་ཁྲིམས་རྩོད་པས། གྷའོ་ཇེན་ (Guo Jian) ཟེར་བས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་མོལ་དང་ཐག་གཅོད་བྱེད་པའི་གནས་ཚུལ་ཁག་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་ཐེངས་མང་མཁོ་སྤྲོད་བྱས་ཡོད་པའི་ཉེས་འཛུགས་བྱས་འདུག་ལ། Guo Jian གྱིས་ཕྱི་སྡོད་ལས་འགུལ་བ་དང་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣའི་ཐོག་ལ་གསང་ཉུལ་ལྟ་ཞིབ་བྱེད་ཀྱི་ཡོད་པའི་ཉེས་པ་ཡང་བཙུགས་ཡོད་འདུག
འདི་འབྲེལ་གྱི་གནས་ཚུལ་ཐད་ཁེ་ན་ཌའི་ནང་གནས་སྡོད་མང་གཙོ་དོན་གཉེར་བ་ Sheng Xue ཡིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པར་ལྟར་ན། ཁོང་མོས་ གྷའོ་ཇེན་ (Guo Jian) ཐེངས་འགའ་ཤས་ཐུགས་ཕྲད་བྱེད་མྱོང་ཡོད་ལ་ གྷའོ་ཇེན་ (Guo Jian) ནི་འཇར་མི་ནིའི་ནང་རྒྱ་ནག་མང་གཙོ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བྱས་མྱོང་ཡོད་ཅིང་། ཚོགས་འདུ་ཁག་འགའ་ཤས་ནང་མཉམ་དུ་ཞུགས་མྱོང་ཡོད་ཀྱང་། ཚོགས་འདུའི་ནང་ གྷའོ་ཇེན་ (Guo Jian) གྱིས་གཏམ་བཤད་དང་བསམ་ཚུལ་སོགས་མི་གཤོད་པར་དོ་སྣང་ཆེན་པོས་ལྟ་ཞིབ་བྱེད་ཀྱི་ཡོད་པའི་ཚོར་སྣང་བྱུང་པ་གསུངས་ཡོད་ལ། འདི་ལྟ་བུའི་ལས་འགན་དང་ཚོགས་འདུ་སོགས་ཀྱི་ནང་མཉམ་ཞུགས་བྱེད་དུས་གནས་ཚུལ་རྣམས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མཁོ་སྤྲོད་བྱེད་རྒྱུར་ལས་སླ་པོ་ཡོད་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཕྱོགས་མཚུངས་གྷའོ་ཇེན་ (Guo Jian) གྱིས་མང་གཙོའི་ལས་དོན་གཉེར་གྱི་ཡོད་པའི་རྣམ་པའི་ཐོག་ནས་ཚོགས་སྒེར་མི་སྣའི་གནས་ཚུལ་མཁོ་སྒྲུབ་ཀྱིས་རྒྱ་ནག་གི་འབྲེལ་ཡོད་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དང་གནས་ཚུལ་ཡོང་ཁུངས་ཀྱི་ཚོགས་འདུ་དང་འདུ་འཛོམས་ཁག་ནས་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་ཀྱང་མང་པོ་ཐོབ་ཡོད་པ་མ་ཟད། གྷའོ་ཇེན་ (Guo Jian) གྱིས་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་ལས་དོན་བསྒྲུབས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་སྐུ་པར་སྒྲོན་ཏེ་བཀྲམ་པ་ཡང་བྱུང་འདུག་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚོགས་པ་མང་པོ་དང་འབྲེལ་བ་བྱེད་ཡོད་པ་སོགས་གང་ལྟར་བོད་མི་ཐེ་བའི་ཕྱི་ཕྱོགས་སུ་གནས་སྡོད་མང་གཙོ་དོན་གཉེར་བ་དང་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོའི་གནས་ཚུལ་ལས་སླ་པོའི་ཐོག་ནས་མཁོ་སྒྲུབ་བྱེད་དེ་རྒྱ་ནག་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་ཡོད་པར་ངོས་འཛིན་བྱེད་བཞིན་འདུག
ཉེ་ཆར་འཛིན་བཟུང་བྱས་པའི་ གྷའོ་ཇེན་ (Guo Jian) ཟེར་པའི་མི་སྣ་འདི་བཞིན་ཕྱི་ལོ་ ༢༠༡༡ ལོར་འཇར་མི་ནིའི་མི་སེར་གྱི་གནས་བབ་ལེན་ཡོད་པ་དང་། ལོ་བཅུའི་གོང་ཁོ་པས་འཇར་མན་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་རྒྱ་ནག་གི་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུའི་ལས་འགན་ཡོད་པའི་ལས་ཀ་འཚོལ་རྒྱུའི་འདུན་པ་བཏོན་ཀྱང་འཇར་མཎ་གསང་བའི་ལས་ཁུངས་ཀྱིས་ཁོ་པར་ཡིད་ཆེས་འཕེར་ངེས་ཞིག་མིན་པའི་ཚོར་སྣང་བྱུང་སྟེ་ལས་འགན་སྤྲད་མེད་པའི་གནས་ཚུལ་ཡང་ཐོན་བཞིན་འདུག
རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་དང་ལྷག་པར་དུ་མང་གཙོ་དོན་གཉེར་བའི་ཚོགས་པ། མི་སྒེར་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་སོང་འབོར་ཆེན་བཏང་སྟེ་གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་ཐབས་བྱེད་བཞིན་ཡོད་པ་དེང་སྐབས་གནས་ཚུལ་ཡོང་གྲགས་སུ་འགྱུར་བཞིན་ཡོད་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org