རྒྱ་ནག་ཏུ་ཕྲུ་གུ་ནག་ཚོང་རྒྱབ་མཁན་འཛིན་བཟུང་བྱས་པ།

རྒྱ་ནག་ནང་ཉེ་ཆར་ཕྲུ་གུ་ནག་ཚོང་རྒྱབ་མཁན་གྱི་ཉེས་ཅན་པའི་ཇག་ཚོགས་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག

༄༅༎རྒྱ་ནག་ནང་ཕྲུ་གུ་ནག་ཚོང་རྒྱབ་པའི་བྱ་སྤྱོད་ཁྱབ་འཕེལ་འགྲོ་བཞིན་པ་ལྟར་ཉེ་ཆར་ཕྲུ་གུ་ནག་ཚོང་རྒྱབ་མཁན་གྱི་ཉེས་ཅན་པའི་ཇག་ཚོགས་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་སྐོར་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་ནག་ཉེན་རྟོག་པས་ཉེས་ཅན་པ་བཅུ་གྲངས་འགའ་ཤས་འཛིན་བཟུང་བྱས་པ་དེ་དག་གིས་ཉུང་མཐར་ཕྲུ་གུ་ལྔ་བཅུ་ང་གཉིས་ནག་ཚོང་རྒྱབ་ཡོད་པ་དང་དེའི་ནང་ནས་ཕྲུ་གུ་བུ་དགུ་དང་བུ་མོ་སུམ་ཅུ་སོ་གསུམ་ཚོང་བསྒྱུར་བྱས་ཡོད་ཅིང་ཕྲུ་གུ་དེ་རྣམས་ནི་འདས་པའི་ལོ་གཉིས་ནང་ལ་རྒྱ་ནག་གི་ཧྲན་ཞི་དང་ཧེ་པེ་ཞིང་ཆེན་ནང་གི་གྲོང་གསེབ་པའི་ཁྱིམ་ཚང་སྐྱོ་བ་ནས་འཁྱེར་ཡོང་བ་ཡིན་པ་རེད། ཕྲུ་གུ་ནག་ཚོང་རྒྱབ་མཁན་ཇག་ཚོགས་འཛིན་བཟུང་ཐུབ་པ་དེ་ནི་ཐོག་མར་ཉེས་ཅན་པ་གསུམ་གྱིས་ཕྲུ་གུ་མ་འབྱར་བུ་ཞིག་ཁོང་ཚོའི་མོ་ཊའི་ནང་བླུགས་པ་དང་མཉམ་དུ་འཛིན་བཟུང་བྱས་པའི་རྗེས་མི་དེ་གསུམ་གྱིས་ཕྲུ་གུ་དེ་རྒྱ་ནག་གི་ཧེ་པེ་ནང་ནས་བུད་མེད་ཅིག་དང་དེའི་བུ་མོས་ཚོང་བསྒྱུར་བྱས་བྱུང་བའི་སྐོར་ངོས་ལེན་ཞུས་ཡོད་པ་དང་བུད་མེད་དེ་གཉིས་ཀྱིས་ནག་ཚོང་རྒྱབ་མཁན་གྱི་ཉེས་ཅན་པ་མི་དེ་དག་ལ་ཕྲུ་གུ་མ་འབྱར་དེ་མ་རྩིས་པའི་ཕྲུ་གུ་བཅུ་གཉིས་བཙོང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད། གང་ལྟར་རྒྱ་ནག་ནང་དུ་ཁྱིམ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་གཞུང་གི་སྲིད་ཇུས་དེ་ལ་བརྟེན་ནས་རྒྱ་མི་རིགས་ཚོས་ཁྱིམ་ཚང་གི་རྒྱུན་འཛིན་དེ་བུས་བྱེད་དགོས་པར་སྲོལ་རྒྱུན་གྱི་ལམ་ལུགས་དེའི་ཐོག་ནས་གལ་ཏེ་ཕྲུ་གུ་བུ་མོ་སྐྱེས་པ་ཡིན་ཚེ་ཁྱིམ་ཚང་རྒྱུན་འཛིན་བྱེད་མཁན་གྱི་བུ་ཞིག་སྐྱེས་རྒྱུའི་རེ་བའི་ཐོག་ནས་ཕྲུ་གུ་བུ་མོ་དེ་རང་དབང་མེད་པར་ཡང་ན་བཙོང་པའམ་ཡང་ན་མ་སྐྱེས་གོང་ནས་མངལ་ནས་བཏོན་པ་སོགས་ཀྱི་གནས་སྟངས་ཡོང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org