བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་གི་གནད་དོན་ཡིན་པ་གསུངས་པ།

འཛམ་གླིང་སྡིངས་ཆ་ཁག་ཏུ་བོད་མིའི་ཁོར་ཡུག་དང་འབྲེལ་བའི་བསམ་ཚུལ་ཚུད་པ་བྱ་དགོས། ཐེ་ཝན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མིས་གསུང་པ།

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་ཡོད་པས་བོད་ཀྱི་གནད་དོན་འདི་བོད་མི་གཅིག་པུའི་ཁེ་ཕན་ཞིག་མིན་པར་འདི་ནི་རྒྱལ་སྤྱིའི་རང་བཞིན་ཞིག་ཡིན་པར་བརྟེན། བོད་ཀྱི་ཁོར་ཡུག་དང་འབྲེལ་ནས་བོད་མིའི་བསམ་ཚུལ་འདི་དག་རྒྱལ་སྤྱིའི་གླེང་སྟེགས་ཀྱི་ནང་སླེབས་ཐུབ་པ་བྱ་རྒྱུ་ནི་དགོས་ངེས་ཤིག་ཡིན་པ་ཐེ་ཝན་གྲོས་ཚོགས་ཀྱི་གཞུང་འཛིན་ཚོགས་པའི་འཐུས་མི་ Hung Sun-San ལགས་ཀྱིས་ཝ་ཤིང་ཊོན་དུ་ཚོགས་བཞིན་པའི་འཛམ་གླིང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཉིན་གཉིས་པའི་ཐོག་གསུངས་སོང་།
དེ་རིང་ཕྱི་ཟླ་་༦ ཚེས་ ༢༣ ཉིན་གྱི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ཞིག་ནི། གོ་ལའི་ཚ་དྲོད་རྒྱས་བཞིན་པ་དང་ཁོར་ཡུག་འགྱུར་ལྡོག་གི་འཛམ་གླིང་སྤྱིར་དཀའ་ངལ་ཅི་ཆེ་ཕྲད་བཞིན་པའི་དུས་འདིར་ཨེ་ཤེ་ཡ་དང་བོད་ཀྱི་གལ་འགངས་ཀྱི་གནད་དོན་དེ་ཡིན་ཞིང་། ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཐེ་ཝན་གྲོས་ཚོགས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་བདེ་དོན་གྱི་ཚོགས་ཆུང་གི་འཐུས་མི་ Hung Sun-San ལགས་ཀྱིས། བོད་ཀྱི་འཁྱགས་རོམས་ཞུར་ཚད་ཆེས་མྱུར་དུ་འགྲོ་བཞིན་པ་འདིས་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་མང་དག་ཞིག་ཡོད་པའི་ནང་ནས་གནད་འགག་ཆེ་ཤོས་གྲས་ཤིག་ཆགས་ཡོད་པ་དང་། བོད་མཐོ་སྒང་ནི་འཛམ་གླིང་མི་མང་འབོར་ཆེན་ཞིག་གི་ཆུའི་ཐོན་ཁུངས་ཡིན་སྟབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད།
དེ་བཞིན་ཁོང་གིས། བོད་ཀྱི་གནད་དོན་འདི་འགྲོ་བ་མིའི་ཐོབ་ཐང་གཅིག་པོའི་གནད་དོན་ཞིག་མིན་པར། ཁོར་ཡུག་གི་ཆ་ནས་ཀྱང་གནད་འགག་ཅིག་ཆགས་ཡོད་པས། རྒྱལ་སྤྱིའི་ཁོར་ཡུག་གི་བགྲོ་གླེང་ཁག་ཏུ་བོད་ཀྱི་ཁོར་ཡུག་གི་གནད་དོན་དང་འབྲེལ་ནས་བོད་མིའི་བསམ་ཚུལ་ཚུད་པ་བྱ་རྒྱུ་དང་བོད་ཀྱི་ཁོར་ཡུག་ཐད་ལ་རྒྱུས་མངའ་ཡོད་པའི་བོད་མི་ཚོའི་བསམ་ཚུལ་ཁག་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མངོན་ཐུབ་པ་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས། བོད་མཐོ་སྒང་ནི་འཛམ་གླིང་སྤྱིའི་ཁོར་ཡུག་གི་བརྟན་ལྷིང་དང་། ཆུའི་ཐོན་ཁུངས་ལ་སོགས་པའི་གནས་བབས་ཀྱི་ཐོག་ནས་ད་ཆ་གཉན་འཕྲང་གི་རང་བཞིན་ཞིག་ཆགས་ཡོད་པ་ཐེར་འདོན་གནང་ཞིང་། ཁོང་གིས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མི་གཅིག་པུའི་ཁེ་ཕན་ལ་ཐུག་པ་ཞིག་མིན་པར། བོད་འདི་འཛམ་གླིང་གི་སྣེ་གསུམ་པར་འབོད་བཞིན་ཡོད་པ་ལྟར། ས་གཞིའི་ཆགས་བབ་ཀྱི་ཐོག་ནས་གངས་རི་དང་། གཙང་ཆུའི་ཡོངས་ཁུངས་ཆགས་ཡོད་སྟབས། གངས་ལྗོངས་ཞེས་ཀྱང་འབོད་ཀྱི་ཡོད། དེར་བརྟེན། བོད་འདི་ཨེ་ཤེ་ཡའི་ཆུའི་མཛོད་ལྟ་བུ་ཡིན་པས། བོད་ནང་གི་ཁོར་ཡུག་གི་ཐོག་ལ་དོ་ཕོག་ཇི་ཙམ་སོང་བ་དེའི་ཚོས་ཀྱིས་གཤམ་འོག་གི་ཡུལ་གྲུ་ཁག་ལ་གནོད་སྐྱོན་དང་ཁྱད་པར་ཆེན་པོ་བཟོ་ཡི་ཡོད་སྟབས། བོད་མཐོ་སྒང་གི་ཁོར་ཡུག་དང་འབྲེལ་བའི་གལ་འགངས་ཀྱི་གནས་བབས་འདི་འཛམ་གླིང་མི་དམངས་ཀྱིས་དོ་སྣང་ངེས་པར་དགོས་པ་གསུངས་ཡོད་པ་རེད།

གསར་འགོད་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org