ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འཆར།

ཧོང་ཀོང་གི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་གཙོ་བཟུང་གི་ལས་འགུལ་འཆར་གཞིའི་སྐོར་ཕྱི་ཚེས་༢༨ཉིན་ཕྱིར་བསྒྲགས་བྱ་རྒྱུ་ཡིན་འདུག

ཧོང་ཀོང་ནང་དམངས་གཙོ་དོན་གཉེར་ཅན་གྱི་སློབ་ཕྲུག་ཚོས་མུ་མཐུད་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༩།༢༢ AFP

ཧོང་ཀོང་གི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་གཙོ་བཟུང་གི་ལས་འགུལ་འཆར་གཞིའི་སྐོར་ཕྱི་ཚེས་༢༨ཉིན་ཕྱིར་བསྒྲགས་བྱ་རྒྱུ་ཡིན་འདུག
དེ་ཡང་ཧོང་ཀོང་ནང་ཕྱི་ལོ་ཉིས་སྟོང་བཅུ་བདུན་ལོར་མི་མང་ཚོས་དམངས་གཙོའི་འགྲོ་ལུགས་ཐོག་ནས་ཧོང་ཀོང་དམིགས་བསལ་ས་གནས་ཀྱི་སྤྱི་ཁྱབ་འོས་འདེམས་བྱ རྒྱུའི་དགོས་འདུན་ལ་རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་པའི་རྗེས་ཧོང་ཀོང་ནང་ཡོད་པའི་དམངས་གཙོ་དོན་གཉེར་བ་གཙོ་བོར་གྱུར་བའི་ལས་རིགས་འདྲ་མིན་དང་སློབ་ཕྲུག་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་དང་། ཧོང་ཀོང་གི་ལྟེ་གནས་གྲོང་ཁྱེར་གཙོ་བཟུང་ཞེས་པའི་ལས་འགུལ་སྤེལ་མཁན་གྱི་ཚོགས་པའི་འགོ་ཁྲིད་གྲས་གྲན་ཅན་མིང་དང་ཏད་དབྱོག་དིང་གིས་ཕྱི་ཚེས་༢༥གསར་འགོད་ལྷན་ཚོགས་སྤེལ་ནས་ཟླ་བ་འདིའི་ཚེས་༢༨གཟའ་ཉི་མའི་ཉིན་གྲོང་ཁྱེར་གཙོ་བཟུང་གི་ལས་འགུལ་འཆར་གཞི་ཕྱིར་བསྒྲགས་བྱ་རྒྱུ་དང་། དེའི་སྐབས་ལས་འགུལ་སྤེལ་རྒྱུའི་དུས་ཚོད་དང་ས་ཆ་སོགས་ཞིབ་ཕྲ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པ་བརྗོད་པ་དང་འབྲེལ་ད་ལྟའི་ཆར་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ཉུང་མཐར་ཡང་མི་གྲངས་ཁྲི་གཅིག་ལྷག་ཙམ་ཡོང་རྒྱུ་ཡིན་པ་གསུང་འདུག ལས་འགུལ་སྣེ་ཁྲིད་མཁན་ཚོགས་པའི་འགོ་ཁྲིད་གྲས་གྲན་ཅན་མིང་གིས་ལས་འགུལ་དེའི་ནང་ན་གཞོན་བྱིས་པ་མཉམ་ཞུགས་བྱ་རྒྱུར་སྐུལ་མ་གནང་རྒྱུ་མིན། གང་ཡིན་ཟེར་ན། དེ་སྔོན་གཞོན་སྐྱེས་ཁག་ཅིག་གིས་དམངས་གཙོའི་ཆེད་ལས་འགུལ་གྱི་མདུན་དུ་བསྐྱོད་ནས་རྗེས་སུ་ཉེས་དོན་གྱི་མཇུག་འབྲས་ཕོག་ནས་དཀའ་ངལ་མང་པོ་ཕྲད་མྱོང་ཡོད་པ་རེད་ཅེས་དང་། ལས་འགུལ་སྤེལ་བའི་རིང་སྲུང་བརྩི་ཞུ་དགོས་པའི་ནང་དོན་ཁག་བརྒྱད་བཀོད་པའི་ནང་། ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ལས་མཚོན་ཆའི་རིགས་འཁྱེར་མི་ཆོག་པ། རང་ཉིད་ངོ་རྟགས་ཆོད་རྒྱུར་གདོང་ཁྱེབ་དང་ཁ་རས་སོགས་གྱོན་མི་ཆོག་པ། དེ་མིན་ཆུ་དང་སྐམ་ཟས་རིགས་དང་། ཉལ་ཆས་སྟབས་བདེ་རིགས་སོགས་ཁུར་དགོས་པ་སོགས་དང་། ལས་འགུལ་དེའི་ནང་ཞུགས་ནས་འབྱུང་འགྱུར་ཁྲིམས་ཐོག་ནས་གདོང་ལེན་བྱ་དགོས་པའི་གནས་ཚུལ་ཡོང་སྲིད་པ་སོགས་འཁོད་ཡོད་འདུག

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org