ཨ་རིའི་ཕྱི་སྲིད་དྲུང་ཆེའི་འགྲོ་བ་མིའི་ཐོབ་ཐང་ཐད་བཞེངས་ཕྱོཌ།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་འཛིན་པའི་བཞེངས་ཕྱོགས་ཐད་ལ་སྐྱོན་བརྗོད་དྲག་པོ་ཡོང་བཞིན་ཡོད་པ།

༄༅༎རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ཚོང་དོན་གྱི་གནད་དོན་ཐད་ལ་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇོར་ཇེ་སྦུ་ཤི་ལས་ལྷག་པའི་བཞེངས་ཕྱོགས་མཁྲེགས་པོ་བཟུང་གི་རེད་སྙམ་པའི་རྒྱ་ནག་གཞུང་ལ་བློ་འཚབ་སྐྱེས་ཡོད་རུང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་འཛིན་པའི་བཞེངས་ཕྱོགས་ཐད་ལ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་ཚོས་ཧ་ལས་ཧོན་ཐོར་ཡོད་པ་རེད། དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་ལྷོ་ཀོ་རི་ཡའི་ནང་གསར་འགོད་ལྷན་ཚོགས་ཐོག་ལ་ཁ་ས་གཏམ་བཤད་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་ཨ་མི་རི་ཀས་རྒྱ་ནག་མཉམ་དུ་གླེང་སློང་མུ་མཐུད་གནང་རྒྱུ་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་ལ་ང་ཚོས་རྒྱ་ནག་ཐོག་ལ་གནོན་ཤུགས་སྤྲོད་རྒྱུ་དེ་ཡིས་འཛམ་གླིང་གི་དཔལ་འབྱོར་དཀའ་རྙོག་དང་གནམ་གཤིས་འགྱུར་ལྡོག།བརྟན་ལྷིང་བཅས་ཀྱི་གནད་དོན་ཐོག་ལ་རྒྱ་ནག་མཉམ་དུ་གྲོས་མོལ་བྱེད་རྒྱུའི་ལས་དོན་ཐོག་ལ་ཐེ་བྱུས་བྱེད་རྒྱུ་ཡོག་མ་རེད་ཅེས་གསུངས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་འཇིགས་ཞུམ་མེད་པར་རྒྱ་ནག་གཞུང་ལ་ཐད་ཀར་གདོང་ཐུག་བྱེད་ཐུབ་མཁན་འཛམ་གླིང་ནང་གི་རྒྱལ་ཁབ་གཅིག་པོ་དེ་ནི་ཨ་མི་རི་ཀ་རེད། ཡིན་ནའང་ཁོང་གིས་འཛམ་གླིང་གི་དཔལ་འབྱོར་དཀའ་རྙོག་དང་གནམ་གཤིས་འགྱུར་ལྡོག།བརྟན་ལྷིང་བཅས་ཀྱི་གནད་དོན་སོགས་ཀྱང་གལ་གནད་ཆེ་བར་ངོས་འཛིན་གནང་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གལ་གནད་ཆེ་ཤོས་གྲས་སུ་ངོས་འཛིན་མ་གནང་བའི་བཞེངས་ཕྱོགས་དེར་ང་རང་ཧ་ལས་ཧོན་འཐོར་ཞིང་བློ་ཕམ་ཧ་ཅང་གཏིང་ཟབ་བྱུང་ཞེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨ་མི་རི་ཀའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀྲི་ཀུ་མའར་གྱིས་ཁ་ས་གསར་འགོད་པར་བརྗོད་ཡོད་པ་རེད། དེ་བཞིན་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་སློབ་ཕྲུག་གི་བོད་རང་བཙན་ཚོགས་པའི་འགན་འཛིན་གཞོན་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་དམག་དཔུང་ཆར་པ་བཏང་བ་ནང་བཞིན་བཀོད་གཤོམ་བྱས་དང་བྱེད་བཞིན་པའི་དུས་སྐབས་འདིར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་འཛམ་གླིང་ནང་བརྡ་འཕྲིན་ནོར་འཁྲུལ་ཅན་ཞིག་གཏོང་གི་ཡོག་རེད་ལ་རྒྱ་ནག་མཉམ་དུ་ཨ་མི་རི་ཀས་གནད་དོན་ག་རེའི་ཐོག་ལ་བཀའ་མོལ་གནང་དང་མི་གནང་གི་གྲོས་གཞི་ཇི་ཡིན་ཨ་མི་རི་ཀས་ཐག་གཅོད་བྱེད་པ་ལས་རྒྱ་ནག་ལ་རྩ་བ་ཉིད་ནས་ཐག་གཅོད་བྱེད་དུ་བཅུག་ཐབས་ཡོག་མ་རེད་ཅེས་བརྗོད་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org