མཁན་པོ་ཀརྨ་ཚེ་དབང་ལ་ལོ་གཉིས་ལྷག་གི་ཁྲིམས་ཐག་བཅད་འདུག

མཁན་པོ་ཀརྨ་ཚེ་དབང་ལ་ཆབ་མདོ་ས་གནས་ཁྲིམས་ཁང་གིས་སྦས་སྲུང་གི་ཉེས་བཙུགས་ཀྱིས་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག

མཁན་པོ་ཀརྨ་ཚེ་དབང་ལགས་ཉེ་སྔོན་འཛིན་བཟུང་སྐབས་བཀག་ཉར་ཁང་དུ། ༢༠༡༤ ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

མཁན་པོ་ཀརྨ་ཚེ་དབང་ལ་ཆབ་མདོ་ས་གནས་ཁྲིམས་ཁང་གིས་སྦས་སྲུང་གི་ཉེས་བཙུགས་ཀྱིས་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་བ་ལྟར་ན། ཟླ་བ་གཉིས་གསུམ་ཙམ་སྔོན་ཆབ་མདོ་ས་གནས་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་རྭ་ཚུགས་ཏེ་ཁྲིམས་བཤེར་བྱས་པ་བརྒྱུད། ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་དུ་ཡོད་པའི་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལ་ཉེས་ཅན་སྦས་སྲུང་གི་ཉེས་པ་ཟེར་བའི་མིང་ཐོག་ནས་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། སྦས་སྲུང་གི་ཉེས་པ་ཟེར་བ་ནི་མཁན་པོ་ཀརྨ་ཚེ་དབང་ནས་འབར་གས་ཀྱི་གྱོད་གཞི་ཟེར་བ་བརྩམས་མཁན་ཡིན་ཚུལ་བཤད་པའི་ཆབ་མདོ་ཀརྨ་དགོན་པའི་དགེ་འདུན་པ་ནང་ཆེན་དུ་བྲོས་ཏེ་སྦས་སྲུང་ཟེར་བ་བྱས་པའི་སྐྱོན་འཛུགས་བྱས་པ་ཞིག་རེད་འདུག
མཁན་པོ་ཀརྨ་ཚེ་དབང་འཛིན་བཟུང་བྱས་པའི་རྗེས་རྒྱ་ནག་གྲུང་ཆིང་ནས་ཡིན་པའི་དག་འབུད་ཁྲིམས་རྩོད་པ་Tang Tianhaoལ་མཁན་པོའི་ནང་མིས་མངགས་པ་བཞིན་སྤྱི་ལོ་༢༠༡༣ལོའི་ཟླ་༡༢ཚེས་༢༤ཉིན་དང་། སྤྱི་ལོ་༢༠༡༤ལོའི་ཟླ་༢ཚེས་༢༥ སྤྱི་ལོ་༢༠༡༤ལོའི་ཟླ་༥ཚེས་༢༦ དེ་བཞིན་སྤྱི་ལོ་༢༠༡༤ལོའི་ཟླ་༦ཚེས་༡༦ཉིན་བཅས་ལ་གྱོད་གཞི་འདིའི་ཐོག་ཆབ་མདོར་ཐེངས་བཞི་བསྐྱོད་ཡོད། ཐེངས་བཞི་པ་སྐྱོད་པའི་སྐབས་ད་དུང་པེ་ཅིང་གི་དག་འབུད་ཁྲིམས་རྩོད་པ་Liang Xiaojunམཉམ་དུ་ཡོད་འདུག ཆབ་མདོར་གྱོད་གཞི་འདིའི་ཐོག་ཐེངས་བཞི་སྐྱོད་ཡོད་རུང་ཆབ་མདོའི་ཉེན་རྟོགས་ཚན་པ་ནས་མོས་མཐུན་བྱུང་བ་བཞིན་དག་འབུད་ཁྲིམས་རྩོད་པ་Tang Tianhaoདང་མཁན་པོ་ཀརྨ་ཚེ་དབང་བར་དུས་ཡུན་ཐུང་ངུའི་རིང་ཐེངས་གཉིས་ཐུག་འཕྲད་བྱུང་འདུག དེའི་སྐབས་དག་འབུད་ཁྲིམས་རྩོད་པ་Tang Tianhao ལ་བརྡ་ཐོ་བཏང་སྟེ་མཁན་པོ་ཀརྨ་ཚེ་དབང་ལ་དང་ཐོག་བཙུགས་པའི་ཉེས་པ་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་ཟེར་བའི་ཉེས་པ་ནས་སྦས་སྲུང་གི་ཉེས་པ་ཟེར་བར་བསྒྱུར་བ་བཏང་བ་བརྗོད་ཡོད། འོན་ཀྱང་དག་འབུད་ཁྲིམས་རྩོད་པས་སྦས་སྲུང་གི་ཉེས་མིང་འདི་ཡང་དོན་དངོས་དང་མི་མཐུན་པ་ཞིག་དང་དེ་འདྲ་ཡོང་ཐབས་མེད་པར་ངོས་འཛིན་གནང་འདུག མཁན་པོ་ཀརྨ་ཚེ་དབང་ལ་ནད་གཞི་མང་པོ་ཡོད་པའི་གནས་སྟངས་ལ་གཞིགས་ཏེ་ཁྲིམས་རྩོད་པས་ཁག་ཐེག་པ་བཙལ་ནས་ཞུ་བ་ལེན་རྒྱུ་སྒུག་རྒྱུའི་འབད་བརྩོན་བྱས་ཡོད་རུང་ཆབ་མདོའི་ཉེན་རྟོགས་ཚན་པས་ཁས་ལེན་བྱས་མེད། རྗེས་སུ་གཞུང་ཕྱོགས་ཀྱི་གནོན་ཤུགས་འོག་མཁན་པོ་ཀརྨ་ཚེ་དབང་གི་ནང་མི་དང་དགོན་པས་ས་གནས་ནས་དག་འབུད་ཁྲིམས་རྩོད་པ་འཚལ་དགོས་བྱུང་བར་བརྟེན་དག་འབུད་ཁྲིམས་རྩོད་པ་Tang Tianhaoཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་ཡོད།
མཁན་པོ་ཀརྨ་ཚེ་དབང་ནི་སྤྱི་ལོ་༡༩༧༥ལོར་འཁྲུངས་ཤིང་། ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་ནས་ཡིན་པ་དང་། ཇ་པ་དགོན་པར་རབ་ཏུ་བྱུང་ནས་ལོ་མང་སོང་ཡོད་ལ། དེ་སྔ་གསེར་རྟ་བླ་རུང་ཆོས་སྒར་ལ་སློབ་སྦྱོང་གནང་མྱོང་ཡོད།      ཁོང་ནི་ཁམས་ཁུལ་ལ་མཚན་སྙན་མཐོ་པོ་ཡོད་པའི་གཞོན་སྐྱེས་དགེ་འདུན་པ་ཞིག་རེད།     ཁོང་ནི་ཇ་པ་དགོན་པའི་མཁན་པོ་ཡིན་པ་མ་ཟད། ནང་ཆོས་སློབ་གཉེར་ཡག་པོ་ཡོད་མཁན་ཞིག་དང་། རྒྱུན་དུ་ས་གནས་སུ་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་ལ་སྲུང་སྐྱོབ་གནང་མཁན་ཞིག་དང་། མང་ཚོགས་ལ་འཕྲོད་བསྟེན་ཤེས་བྱ་ཁྱབ་སྤེལ་དང་བོད་སྐད་ཡིག་སློབ་གསོ་སྤེལ་མཁན་ཞིག་ཀྱང་ཡིན་པ་རེད། སྤྱི་ལོ་༢༠༡༠ལོར་སྐྱེ་རྒུ་མདོ་ལ་ས་ཡོམ་དང་སྤྱི་ལོ་༢༠༡༠ལོའི་འབྲུག་ཆུའི་རང་བྱུང་གནོད་འཚེ། སྤྱི་ལོ་༢༠༡༣ལོའི་གཡག་རྔའི་ས་ཡོམ་སོགས་ནང་མྱུར་སྐྱོབ་རོགས་རམ་གནང་མཁན་གྲས་ཤིག་རེད་འདུག
མཁན་པོ་ཀརྨ་ཚེ་དབང་འཛིན་བཟུང་བྱས་པའི་རྗེས་ནང་ཆེན་ཁུལ་གྱི་ས་གནས་མང་ཚོགས་བཞི་སྟོང་ཙམ་ནས་ནས་མཁན་པོ་གང་མྱུར་གློད་འགྲོལ་དགོས་པའི་ཞུ་འབོད་ཐེངས་གསུམ་བྱས་ཡོད།

གསར་འགོད་པ་སྒྲོལ་དཀར།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org