༸གོང་ས་མཆོག་གི་སྐུ་པར་ཉར་བའི་ཉེས་མིང་འོག་དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་འཛིན་བཟུང་བྱས་འདུག

ཁོང་གི་ནང་མི་ཉེ་འབྲེལ་སོགས་ལ་གང་དུ་ཁྲིད་ཡོད་དང་ཐུག་འཕྲད་སོགས་རྩ་ནས་བྱེད་བཅུག་གི་མེད་སྟབས། ཁོང་གི་ཨ་མ་ལགས་ནས་སེམས་ཁྲལ་ཤུགས་ཆེར་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

མདོ་སྨད་བླ་བྲང་བསང་ཆུ་ཕྱོགས་ཀྱི་བོད་མི་ཞིག་གིས་༸གོང་ས་མཆོག་གི་སྐུ་པར་མཇལ་བཞིན་པ། པར་ཚགས། Reuters

ཕྱི་ཟླ་ ༢ ཚེས་ ༡༥ ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༧ པ་ཙམ་ནང་བོད་ནང་གི་ཉག་ཆུ་རྫོང་ཨོ་ཐོག་སྨད་ཐ་སྡེ་བ་ནས་ཡིན་པ། ན་གཞོན་ཤེས་ཡོན་ཅན་དགེ་འདུན་པ་བསྟན་འཛིན་མཁྱེན་རབ་བམ། སྨྱུག་མིང་ལ་ལྡོང་རང་ལྕགས་ནས་ཁ་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། ཕྱི་ཕྱོགས་ཀྱི་ཡིག་ཆ་ཉར་ཚགས་བྱས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་གིས། ད་ལྟའི་ཆར་རྒྱ་ནག་སི་ཁྲོན་ཕྱོགས་སུ་ཁྲིད་ཡོད་སྐོར་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ནི་ནམ་རྒྱུན་བོད་དོན་སྐོར་ལ་སེམས་ཤུགས་ཡོད་མཁན་ཞིག་དང་། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཤེས་ཚད་ཡག་པོ་ཡོད་པ་མ་ཟད་རྒྱུན་དུ་ཤེས་ཡོན་ལ་འབད་བརྩོན་གནང་མཁན་ཞིག་ཡིན་པ་དང་། ཁོང་འཛིན་བཟུང་རྗེས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཚོས། ཁོང་གི་ནང་མི་ཉེ་འབྲེལ་སོགས་ལ་གང་དུ་ཁྲིད་ཡོད་དང་ཐུག་འཕྲད་སོགས་རྩ་ནས་བྱེད་བཅུག་གི་མེད་སྟབས། ཁོང་གི་ཨ་མ་ལགས་ནས་སེམས་ཁྲལ་ཤུགས་ཆེར་གནང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ནི་ད་ལྟའི་ཆར་དགུང་ལོ་ ༢༩ དང་། ཨོ་ཐོག་དགོན་ཁམས་ནཱལེཎྡྲ་དང་ལི་ཐང་དགོན་ཆེན། རྫ་སེར་ཤུལ་དགོན་སོགས་ནས་སློབ་གཉེར་གནང་ཡོད་པ་དང་། ཁོང་རྒྱུན་དུ་ནས་རྩོམ་ཡིག་འབྲི་རྒྱུ་སོགས་ལ་དགའ་མོས་ཡོད་འདུག་ལ། ཁོང་འཛིན་བཟུང་བྱས་རྗེས་རྒྱ་ནག་གཞུང་གིས་ཁོང་གི་སྐད་འཕྲིན་གཙོས་སྤྱི་ཚོགས་དྲ་ལམ་གྱི་གནས་ཚུལ་ཚང་མ་ནག་བསུབ་བཏང་ཡོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org