རྒྱ་ནག་གཞུང་གིས་ཨ་ཉ་སེང་སྒྲ་ལགས་ཀྱི་གོང་གཏུག་རིམ་པ་གཉིས་པ་ཕྱིར་སློག་བྱས་འདུག
ཨ་ཉ་སེང་སྒྲ་ལགས་ཀྱི་གོང་གཏུག་རིམ་པ་གཉིས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ངོས་ལེན་མ་བྱས་བར་ཕྱིར་སློག་བྱས་འདུག
-
2020-06-17 -
-
-
Your browser doesn’t support HTML5 audio
ཨ་ཉ་སེང་སྒྲ་ལགས་ཀྱི་གོང་གཏུག་རིམ་པ་གཉིས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ངོས་ལེན་མ་བྱས་བར་ཕྱིར་སློག་བྱས་འདུག
དེ་ཡང་འདི་ཚེས་༡༧་ཉིན། རྒྱ་ནག་ནང་གི་ཁེ་དབང་སྲུང་སྐྱོབ་ཁྲིམས་རྩོད་པ་ལེན་ཆི་ལུའུ་ནས་ཌི་ཝེ་ཊར་སྤྱི་ཚོགས་དྲ་ལམ་བརྒྱུད་གནས་ཚུལ་ཐུང་ཐུང་ཞིག་སྤེལ་བའི་ནང་། བོད་མི་ཨ་ཉ་སེང་སྒྲ་སོགས་ལ་སྤྱི་ཚོགས་ཟིང་སློང་དང་། འཁྲུག་རྐྱེན་བསླང་བ་ཟེར་བའི་ཉེས་འཛུགས་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར། ཁོང་གིས་གོང་གཏུག་ཐེངས་གཉིས་པ་བྱས་བ། འདི་ཚེས་༡༦་དང་༡༧་ཉིན་གཉིས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས་ཉིན་གཉིས་རིང་གི་གྱོད་དོན་འདྲི་ཞིབ་བརྒྱུད། ཁོང་གི་གོང་གཏུག་གི་ནང་དོན་ངོས་ལེན་མ་བྱས་བ་དང་། གོང་གཏུག་ཕྱིར་སློག་བྱས་ནས། སྔོན་མའི་ཁྲིམས་ཆད་ལོ་བདུན་བཅད་པ་དེ་རང་འཇགས་ཡིན་པ་ཁྱབ་བསྒྲགས་བྱས་བ་དང་། ཁྲིམས་རྩོད་པ་ལེན་ཆི་ལུའུ་རང་ཉིད་དག་འབུད་ཁྲིམས་རྩོད་པ་ཡིན་པས་ཆ་ནས་མཇུག་འབྲས་དེར་བློ་ཕམ་བྱུང་ཚུལ་འཁོད་པ་ལས་ཨ་ཉ་སེང་སྒྲ་དང་ཐུག་འཕྲད་བྱེད་ཐུབ་ཡོད་མེད་སོགས་གསལ་ཁ་མི་འདུག འདི་ག་རླུང་འཕྲིན་ཁང་གིས་ཁྲིམས་རྩོད་པར་ཁ་པར་བརྒྱུད་ཡང་ཡང་འབྲེལ་བ་བྱས་ཀྱང་མཐུད་ཐུབ་མ་བྱུང་།
སྤྱིར་བཏང་༢༠༡༩་ལོའི་ཟླ་ ༡༢་ཚེས་ ༦་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས། སྤྱི་ཚོགས་ཟིང་སློང་དང་སྤྱི་ཚོགས་དཀྲུག་རྐྱེན་བསླང་བ་སོགས་ཀྱི་ཉེས་མིང་འོག་ལྐོག་ཟ་རུལ་སུངས་གྱི་གནས་ཚུལ་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལགས་སོགས་བོད་མི་བརྒྱད་ལ་བཙོན་འཇུག་ཁྲིམས་ཆད་མི་འདྲ་བ་གཅོད་སྐབས། ཨ་ཉག་སེང་སྒྲ་ལགས་སུ་ལོ་བདུན་གྱི་ཁྲིམས་ཆད་བཅད་པར། སྐབས་དེར་ཨ་ཉ་སེང་སྒྲ་ལགས་ཀྱིས་ཁྲིམས་ཆད་དེར་ངོས་ལེན་མ་བྱས་བར། བསྐྱར་ཏུ་ཁྲིམས་གཏུག་ཞུ་རྒྱུ་བྱས་ཏེ་ཁོང་གི་ཁྲིམས་རྩོད་པ་ལེན་ཆི་ལུའུ་སོགས་བརྒྱུད་ནས་གོང་རིམ་ལ་ཞུ་གཏུག་བྱས་ཏེ་ད་བར་དུ་ལྷག་པ་ཞིག་རེད།
དེ་སྔོན་གྱི་གནས་ཚུལ་ནང་བརྗོད་ན། ཕྱི་ལོ་༢༠༡༤་ལོ་ནས་མགོ་ལོག་དགའ་བདེ་ཡི་བོད་མི་ཨ་ཉ་སེང་སྒྲའི་སྣེ་ཁྲིད་དེ་བོད་མི་ཁག་གིས་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་སྤེལ་བ་དང་། ས་གནས་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཁག་སྲིད་གཞུང་ལ་ཡར་ཞུ་བྱས་ནས། གཞི་རིམ་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་བྱས་པའི་གནས་ཚུལ་ཐེར་འདོན་བྱས་བར་བརྟེན། ཨ་ཉག་སེང་སྒྲ་ལགས་ཕྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༩་པའི་ནང་མགོ་ལོག་དགའ་བདེ་རྫོང་དུ་འཛིན་བཟུང་བྱས་ཡོད་པ་རེད། ཡང་ཨ་ཉ་སེང་སྒྲ་སོགས་བོད་མི་ཁག་ཅིག་ལ་ཁྲིམས་ཆད་ནན་མོ་བཅད་པ་དེའི་ཐད་དེ་སྔོན་བོད་ནང་ཁྲིམས་རྩོད་པའི་ཕྱག་ལས་གནང་མྱོང་མཁན་དང་ད་ལྟ་ཨ་རིའི་ནང་ཡོད་པའི་ཁྲིམས་གླེང་དྲ་བའི་རྩོམ་སྒྲིག་པ་སྒྲོལ་མ་སྐྱབས་ལགས་ཀྱིས། སྤྱིར་བཏང་དེང་སྐབས་རྒྱ་ནག་གི་ཁྲིམས་ལུགས་ལས་རིགས་ཁྲོད་ཀྱི་མི་མང་པོས་ཀྱང་སྤྱི་ཚོགས་ཟིང་སློང་དང་འཁྲུག་རྐྱེན་སློང་བ་ཟེར་བའི་ཉེས་མིང་འདིར་རྩོད་གླེང་ཡོང་གི་ཡོད་པ་བཞིན། རྒྱ་ནག་གི་ཁྲིམས་ཁང་གིས་ལྐོག་ཟ་རུལ་སུངས་ཀྱི་དྲང་བདེན་གནས་ཚུལ་ཐེར་འདོན་བྱེད་མཁན་ཨ་ཉ་སེང་སྒྲར་ཉེས་དོན་ཉེས་མིང་དེ་བཙུགས་ནས་ཁྲིམས་ཆད་བཅད་པ་ནི། ས་གནས་དཔོན་རིགས་ཚོས་ཁྲིམས་བེད་སྤྱོད་ཀྱིས་སྒེར་གྱི་འཁོན་ལན་སློག་པར་ངོས་འཛིན་གནང་གི་འདུག
དེ་སྔོན་འདི་ག་རླུང་འཕྲིན་ཁང་ལ་མགོ་ལོག་གི་ས་གནས་བོད་མི་ཞིག་གིས། ཨ་ཉ་སེང་སྒྲ་ནི་མདོ་སྨད་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ནས་ཡིན་ཞིང་། རྒྱ་ནག་གོང་རིམ་ནས་ས་གནས་སུ་རྣམ་གྲངས་གནང་སྤྱིན་བྱས་བ་གཙོས་ཕྱོགས་མང་པོ་ནས་ས་གནས་ཀྱི་ལས་བྱེད་འགོ་ཁྲིད་ཚོས་ལྐོག་ཟ་བྱས་བ་དང་། དབྱེ་འབྱེད། ད་དུང་མི་རིགས་ཀྱི་བདེ་སྡུག་ལ་ལྟ་རྟོགས་མི་བྱེད་པ་དང་། ལྷག་པར་ས་གནས་ཀྱི་མི་དམངས་སྐྱོ་བོ་ཚོར་ལྟ་རྟོགས་མི་བྱེད་པ་སོགས་ཀྱི་གནད་དོན་མང་པོ་ཐེར་འདོན་བྱས་ནས། རྫོང་དང་ཁུལ། ཞིང་ཆེན་རིམ་པར་ཞུ་གཏུག་བྱས་མྱོང་བ་དང་། རྗེས་སུ་འཛིན་བཟུང་བྱས་བ་རེད། ཁོ་མི་བུ་རླབས་ཆེན་ཞིག་ཡིན་ཞེས་གསུང་ཡོད།