རྒྱ་གར་ནང་གྲོས་ཚོགས་ཀྱི་ཞུ་གཏུགས་ལས་འགུལ་ལ་རྒྱབ་སྐྱོར།

རྒྱ་གར་རྒྱལ་ཡོངས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་པའི་བོད་དོན་ཞུ་གཏུགས་ལས་མུ་འཐུད་ནས་འགྲོ་བཞིན་པ་ཕྱོགས་གང་ས་ནས་རྒྱབ་སྐྱོར་ཡག་པོ་ཐོབ་བཞིན་པ་རེད་འདུག།

དེ་ཡང་གནས་ཚུལ་ལྟར་ན། འདི་ཚེས་༡༡ནས་༡༣་བར་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་ནང་གི་ཞུ་གཏུགས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། ཡེ་ཤེས་སྒྲོལ་མ་ལགས། གངས་ལྷ་མོ་ལགས། རྨོག་རུ་བསྟན་པ་ལགས་བཅས་ཀྱིས་མངའ་སྡེའི་གཞུང་འཛིན་གྱི་གཙོ་འཛིན་གཞོན་པ་ཤིབ་པལ་ཡ་དབ་(Shivpal Yadav) མཆོག་དང་། མངའ་སྡེ་གྲོས་ཚོགས་འཐུས་མི་ཁག མངའ་སྡེའི་བློན་ཆེན་ཟུར་བ། ཆབ་སྲིད་ཚོགས་པ་ཁག་གཅིག་གི་གཙོ་འཛིན་སོགས་དང་མཇལ་འཕྲལ་གྱིས་ད་ལྟའི་བོད་ནང་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དང་། རང་ལུས་མེར་སྲེག་གིས་མཚོན་པའི་བོད་ནང་གི་ཛ་དྲག་གནས་བབ་རྣམས་ངོ་སྤྲོད་དང་ཞུ་གཏུགས་གནང་བའི་གྲུབ་འབྲས་སུ། མངའ་སྡེ་གཞུང་འཛིན་གྱི་གཙོ་འཛིན་གཞོན་པ་ (Shivpal yadav)མཆོག་གི་མཚན་ཐོག་ནས་བོད་ལ་རྒྱབ་སྐྱོར་དང་། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་པ། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་རྒྱུའི་ཁས་ལེན་གནང་བའི་ཕྱག་བྲིས་ཤིག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ལ་གནང་ཡོད་མ་ཟད། མངའ་སྡེའི་ས་གནས་ཆབ་སྲིད་ཚོགས་པ་གཞན་ཁག་གི་འགོ་འཁྲིད་རྣམ་པས་ཀྱང་ ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་དང་འབྲེལ། བོད་དོན་སྐོར་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་དང༌། དེ་བཞིན་གྲོས་ཚོགས་འཐུས་མི་རྣམས་བརྒྱུད་རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་དང་། བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་བ་རྣམས་བྷེ་ཧར་མངའ་སྡེའི་རྒྱལ་ས་པཊ་ནའི་ཕྱོགས་སུ་ཕེབས་ཐོན་གནང་འཆར་ཡོད་འདུག

Orissa མངའ་སྡེའི་སྲིད་སྐྱོང་མཆོག་གིས་བོད་དོན་ཐོག་ག་དུས་ཡིན་ནས་གདུང་སེམས་མཉམ་སྐྱེད་ཡོད་པ་དང། བོད་ནང་དུ་དཀའ་ངལ་མུ་མཐུད་ཡོད་བཞིན་པར། རྒྱ་དམར་གཞུང་ནས་དཀའ་ངལ་སེལ་རྒྱུར་བསམ་ཤེས་མ་བྱས་པ་དེར་ཐུགས་ཕམ་ཡོད་སྐོར་གསུངས་ཏེ།

བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་གཅིག་རང་ཡོད་པ་དེ་དབུ་མའི་ལམ་ཡིན་པ་དང༌། སྤྱི་འཐུས་རྣམ་པ་ཚོས་དངོས་སུ་མི་མང་ངོ་ཐུག་གིས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་བརྩམས་གནང་བར་བསྔགས་བརྗོད་ཆེན་པོ་གནང་ཡོད་སྐོར་ སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་གཏུགས་ལས་འགུལ་ཚོགས་ཆུང་གིས་གནས་ཚུལ་བཏང་གནང་འདུག

བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་གྷོ་ར་པོར་གྲོང་ཁྱེར་དུ་འབྱོར་ཏེ་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་དང་། གུ་རོང་ན་ཐི་དགོན་པའི་བླ་ཆེན་ཡོ་གེ་ཨ་ཏེ་ཏེ་ན་ཏི་མཆོག་དང་། རྫོང་ཁག་དྲུག་གི་སྤྱི་ཁྱབ་རྫོང་དཔོན་དེར་ར་བན་དར་ནེ་ཏི་སོགས་དང་མཇལ་ཏེ་བོད་དོན་ཞུ་གཏུགས་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་སྟེང་གསར་འགོད་པ་སུམ་ཅུ་ལྷག་ཅིག་འཛོམས་སར་བོད་དོན་སྐོར་གྱི་གསར་འགོད་གསལ་བསྒྲགས་དང་དྲི་བ་དྲིས་ལན་གནང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org