བོད་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུཊ་འགན་གཙོ་བཞེས།

ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་ཁག་ཅིག་གིས་བོད་ནང་ཛ་དྲག་ཆགས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སེལ་རྒྱུར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཐུགས་འགན་གཙོ་བཞེས་དགོས་པའི་འབོད་སྐུལ་ཞུས་འདུག

ཨ་མི་རི་ཀའི་མེ་སའ་ཆུ་སེ (Massachusetts) མངའ་སྡེའི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མའེ་ཁལ་ཨི་ཀཔུ་འ་ནོ་(Michael Capuano) གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་ནས་གསུང་འཕྲིན་ཞིག་གནང་བའི་ནང་།  བོད་ནང་བོད་མི་ཚོའི་གཞི་རིམ་གྱི་འགྲོ་བ་མིའི་ཐོབ་ཐང་དྲག་གནོན་འོག་དཀའ་སྡུག་ཡུན་རིང་མྱོང་ཡོད་རེད། དེང་སང་འཛམ་གླིང་ནང་འཐབ་རྩོད་ཇེ་མང་ཞིག་ཡོད་པའི་སྐབས་འདིར་ང་ཚོས་བོད་མི་ཚོས་དྲག་གནོན་མྱང་དང་མྱོང་བཞིན་པ་བརྗེད་ན་འགྲིག་ཐབས་མེད་པས་ང་ཚོས་ཆོད་སེམས་བརྟན་པོས་བོད་མིའི་རང་དབང་རྩོད་དགོས་ཀྱི་རེད།  བོད་མི་ཧ་ཅང་མང་པོས་དྲན་བདེན་མ་ཡིན་པའི་གདུག་རྩབ་དྲག་གནོན་ལ་ངོ་རྒོལ་བྱས་ནས་རང་སྲོག་དོར་ཡོད་བཞིན་པ་རེད་། ལྷག་པར་བར་ལམ་ནས་ཐབས་ཤེས་གཞན་བྲལ་ནས་རང་ལུས་མེར་བསྲེགས་བཏང་མཁན་ཚོར་མྱ་ངན་ཞུ་གི་ཡོད་ཅེས་གསུངས་གནང་འདུག།  ཡང་ཁོང་གིས།  མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་གནས་སྟངས་འདི་སེལ་ཐུབ་ཀྱི་རེད་ལ་སེལ་ཀྱང་དགོས་ཀྱི་རེད།  དེར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སེལ་རྒྱུར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཐུགས་འགན་གཙོ་བཞེས་དགོས་པའི་འབོད་སྐུལ་དང་མཉམ་། ངའི་བསམ་པར་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གིས་རྒྱལ་ཚོགས་ཀྱི་རྩ་འཛིན་བལྟ་གྲུབ་རྣམས་བརྩི་འཇོག་དགོས་ལུགས་ཞུ་མི་ཆོག་པ་མ་རེད། གྲོས་ཚོགས་ནང་ང་ཚོ་འཐུས་མི་མང་པོས་བོད་མི་ཚོར་རྒྱབ་སྐྱོར་བརྟན་པོ་ཡོད་བ་རེད།  ཁོང་ཚོའི་འབོད་སྒྲ་ཐོས་དགོས་ཀྱི་རེད་ལ།  ང་ཚོས་ཁོ་ཚོའི་འཐབ་རྩོད་བརྗེད་ཀྱི་མ་རེད་ཅེས་ཁྲིམས་བཟོ་བ་མའེ་ཁལ་ཀཔུ་འ་ནོ་ཡིས་གསུངས་གནང་འདུག། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོ་སེབ་ལི་བྷར་མན་ (Joseph Lieberman) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་མཛད་པ་དེར་ངས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁོང་གི་མཛད་རྗེས་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མིའི་བདེན་པའི་འཐབ་རྩོད་ཐོག་ཁྲིམས་ཀྱི་རྒྱབ་རྟེན་ཤུགས་ཆེ་རུ་ཕྱིན་པར་བརྟེན། འབྱུང་འགྱུར་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མིའི་འཐབ་རྩོད་མུ་མཐུད་རྒྱུན་གནས་ཐུབ་རྒྱུ་རེད་ཅེས་གསུངས་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org