རྩེ་ཁོག་ནས་བོད་མི་གཉིས་འཛིན་བཟུང་།

མདོ་སྨད་རྩེ་ཁོག་ནས་ཡིན་པའི་བོད་མི་གཉིས་ཉེ་ཆར་གར་སོང་ཆ་མེད་དུ་གྱུར་བ་ཁོང་ཚོའི་ནང་མི་ཉེ་འབྲེལ་ཚོས་རྩད་གཅོད་བྱས་རྗེས། ད་ལྟ་རྫོང་ཐོག་ན་བཙོན་འཇུག་འོག་ཡོད་པ་ཤེས་རྟོགས་བྱུང་འདུག

དེ་ཡང་ཤ་བོ་རྡོ་རྗེ་ལ་བཅར་འདྲི་བྱས་བར་བརྗོད་དོན། ཟླ་སྔོན་མའི་ཕྱི་ཚེས་ ༡༧ ཉིན་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་སྒོ་ཁར། རྒྱལ་གཅེས་དཔའ་བོ་བསང་བདག་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། རྡོ་དཀར་མོ་ཞང་ཆུ་དམར་སྡེ་བའི་རང་ལོ་ ༢༢ ཡིན་པའི་མགོ་བྷེ་ཞུ་བ་གར་སོང་ཆ་མེད་ཆགས་ཡོད་འདུག དེ་ནས་ནང་མི་ཚོས་ཡར་མར་རྩད་གཅོད་བྱས་མཐར་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། ད་ཆར་རྩེ་ཁོག་རྫོང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་གསར་དུ་ཤེས་རྟོགས་བྱུང་འདུག མགོ་བྷེ་ལགས་ཀྱི་མ་མིང་ལ་ཁྱི་མོ་ཐར་ཞུ་བཞིན་ཡོད་པ་དང་ཕ་འདས་གྲོངས་སུ་ཕྱིན་ཡོད་འདུག

དེ་བཞིན། ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་ཞང་སྲིད་གཞུང་སྒོ་ཁར་རང་ལུས་མེར་བསྲེགས་བཏང་རྗེས། རྡོ་དཀར་མོ་ཞང་ཁ་སོག་སྡེ་བའི་རང་ལོ་ ༢༦ ཡིན་པའི་སྐལ་བཟང་བཀྲ་ཤིས་ཞུ་བ་གར་སོང་ཆ་མེད་ཆགས་ཡོད་པ། རྗེས་སུ་ཤེས་རྟོགས་བྱུང་བར་གོང་བཞིན་རྩེ་ཁོག་རྫོང་དུ་བཙོན་འཇུག་བྱས་ཡོད་འདུག སྐལ་བཟང་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་བཀྲ་རྡོ་དང་། མ་མིང་ལ་དཀོན་རྡོ་ཞུ་བཞིན་ཡོད་འདུག

ད་ཆར་ས་གནས་མི་མང་ཚོའི་ངོས་ནས། གསང་བདག་ཚེ་རིང་དང་མགོ་བྷེ་གཉིས་ངོ་ཤེས་གྲོགས་པོ་དང་། རྟ་མགྲིན་རྡོ་རྗེ་དང་སྐལ་བཟང་བཀྲ་ཤིས་གཉིས་ངོ་ཤེས་གྲོགས་པོ་ཡིན་པ་བཅས་ལ་བརྟེན་ཏེ། རྒྱ་གཞུང་གིས་དེ་སྔའི་མེར་བསྲེགས་དེ་ཁོང་གཉིས་ལ་རྒྱུས་མངའ་ཡོད་པའི་ཉེས་འདོག་གིས་དོན་མེད་འཛིན་བཟུང་བྱས་པ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ད་ལྟ་ཁོ་གཉིས་རྩེ་ཁོག་རྫོང་དུ་བཙོན་འཇུག་བྱས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org