རྒྱ་ནག་གཞུང་གིས་སླར་ཡང་བོད་ཡིག་གསབ་འཁྲིད་འཛིན་གྲྭ་སྒོ་རྒྱག་བཅུག་པ།

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁུལ་དུ་བོད་པའི་དགོན་སྡེ་ཁག་གིས་བོད་རིགས་སློབ་ཕྲུག་ཚོར་དགུན་ཁའི་གུང་སེང་དུས་ལ་བོད་ཡིག་གསབ་འཁྲིད་འཛིན་གྲྭ་སྒོ་རྒྱག་ཏུ་བཅུག་འདུག

བརྡ་ཐོ་ཡིག་ཆ། བོད་འབྱོར།

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁུལ་དུ་བོད་པའི་དགོན་སྡེ་ཁག་གིས་བོད་རིགས་སློབ་ཕྲུག་ཚོར་དགུན་ཁའི་གུང་སེང་དུས་ལ་བོད་ཡིག་གསབ་འཁྲིད་འཛིན་གྲྭ་སྒོ་རྒྱག་ཏུ་བཅུག་པ་འདི་ནི་རྒྱ་ནག་གཞུང་གིས་ཆོས་དང་རིག་གཞུང་རང་དབང་ཐད་གནོན་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་སྐོར་གྱི་གནས་ཚུལ་འདུག །རེས་གཟའ་ཟླ་བའི་ཉིན་ཨེ་པི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་གྱི་ནུབ་ངོས་སུ་ཡོད་པའི་རྫོང་ཞིག་ཏུ་དགེ་འདུན་པ་ཚོས་དགུན་ཁའི་གུང་སེང་སྐབས་ཀྱི་བོད་ཡིག་གསབ་འཁྲིད་འཛིན་གྲྭ་ཚོགས་པ་དེ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཞིག་ཡིན་པ་དང་། ལྷག་པར་དུ་དགོན་པ་ཁག་ནང་སློབ་མ་ཚོར་སློབ་སྦྱོང་སྤྲོད་རྒྱུར་མཐུན་རྐྱེན་ཚང་མེད་པར་མ་ཟད། བདེ་འཇགས་ལ་ཡང་ཉེན་ཁ་ཡོད་ལུགས་བརྗོད་ཡོད་འདུག

ད་དུང་རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར་ཕྱིར་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ནས་ཕྲུ་གུ་ཚོར་སློབ་གསོ་གཞུང་གིས་གནང་གི་ཡོད་པ་དང་། མི་སྒེར་པ་དང་ཚོགས་པ་གང་རུང་གིས་ཆོས་ལུགས་ཀྱི་མིང་འཁྱེར་ནས་གཞུང་གི་ཤེས་ཡོན་ལམ་ལུགས་ལ་འགོག་རྐྱེན་བཟོ་རྒྱུ་མེད། གོང་ཞུས་གསབ་འཁྲིད་འཛིན་གྲྭ་དེ་རིགས་ནི་སློབ་ཕྲུག་མི་སྒེར་དང་ཁྱིམ་ཚང་ལ་དཔལ་འབྱོར་གྱི་རྡོག་ཁྲེས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་ཟད། སློབ་ཕྲུག་ཚོར་སྦྱོང་ཚན་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་གཞུང་གི་སྒྲིག་གཞི་དང་ཡང་འགལ་གྱི་ཡོད། དེར་བརྟེན་གཞུང་གི་བཀའ་རྒྱ་ཇི་བཞིན་ལག་ལེན་མ་བསྟར་མཁན་ཚོར་ཁྲིམས་ལུགས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག །དེ་ཡང་སྔ་ལོའི་ཟླ་བ་བཅུ་གཉིས་པའི་ནང་བོད་ཡིག་འཛིན་གྲྭ་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པའི་སྐོར་བཀོད་འདུག

ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་ཐོག་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཉམས་ཞིབ་པ་ Sophia Richardson ལགས་ཀྱིས། རྒྱ་ནག་གི་བྱ་སྤྱོད་དེ་ནི་བོད་མི་ཚོའི་རིག་གཞུང་དང་། ཆོས་ལུགས་ཐོག་བརྩིས་མེད་བཏང་བའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་འདུག་པར་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་སྨྲ་བརྗོད་རང་དབང་དང་། ཆོས་ལུགས་རང་དབང་ལ་སྲུང་སྐྱོབ་ཡོད་ལུགས་བཀོད་ཡོད་ཀྱང་། དོན་དངོས་རྒྱ་ནག་གཞུང་གིས་སྲིད་ཇུས་དང་མ་མཐུན་པའི་བསམ་ཚུལ་བཤད་ས་ཕྲན་བུ་ཙམ་ཡང་ཡོད་པ་མ་རེད། ཅེས་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག

ལོ་ལྟར་དགུན་ཁ་ཟླ་བ་གཉིས་ཀྱི་གུང་སེང་རིང་བོད་ཀྱི་ཁམས་ནང་ཆེན་རྫོང་གི་ས་གནས་དགོན་སྡེ་ཁག་གིས་བོད་རིགས་སློབ་མ་ཚོར་བོད་ཡིག་གསབ་འཁྲིད་འཛིན་གྲྭ་རིན་མེད་ཀྱི་ཐོག་ནས་གནང་བཞིན་པ་འདས་པའི་ལོ་འགའ་ཤས་རིང་དར་སྲོལ་ཆེན་པོ་ཆགས་ཡོད། འོན་ཀྱང་འདི་ལོའི་དགུན་ཁར་རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་ཡིག་གསབ་འཁྲིད་འཛིན་གྲྭ་ཚོགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།

ཉེ་ལམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་པ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ལོ་ཤས་ནང་ཁམས་ནང་ཆེན་རྫོང་དུ་བོད་རིགས་སློབ་མ་གྲངས་ ༡༠༠༠-༡༥༠༠ ཙམ་བོད་ཡིག་གསབ་འཁྲིད་འཛིན་གྲྭའི་ནང་ཞུགས་ཀྱི་ཡོད་འདུག་པ་དང་། ཁོང་ཚོར་ཉེ་འཁོར་གྱི་དགོན་པ་ཁག་གིས་དང་བླངས་དགེ་འདུན་པ་དང་། རྒན་ཡོལ་ཞུས་པའི་དགེ་རྒན་ཚོས་བོད་ཀྱི་སྐད་ཡིག་དང་། སྙན་ངག་སོགས་སློབ་འཁྲིད་གནང་གི་ཡོད་འདུག་པ་དང་། འཛིན་གྲྭ་དེ་དག་ནི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་རྩ་བ་ནས་མེད་ཅིང་། དེ་ནི་སློབ་མ་ཚོའི་ཤེས་ཡོན་ཁོ་ནའི་དོན་དུ་རེད་ལ། སློབ་མ་དེ་དག་མང་ཆེ་བ་རྒྱ་མིའི་སློབ་གྲྭ་ཁག་ནང་བསྐྱོད་བཞིན་པའི་བོད་རིགས་སློབ་མ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org