རྒྱ་གཞུང་གིས་འཁྱོག་གཏམ་སྤེལ་ཚུལ་བཤད་འདུག
སངས་རྒྱས་རྒྱ་མཚོའི་རང་ལུས་མེ་སྲེག་ཐད་རྒྱ་ནག་གིས་འཁྱོག་གཏམ་སྤེལ་བ་ལས་དཔལ་འབྱོར་དང་བུད་མེད་ཀྱི་གནས་ཚུལ་རྩ་བ་ནས་མེད་པ་ཁོང་གི་སྤུན་མཆེད་ཞིག་གིས་ཨེ་ཕེ་གསར་ལམ་ལ་བཤད་འདུག
-
2013-10-23 -
-
-
སངས་རྒྱས་རྒྱ་མཚོའི་ཐད་རྒྱ་ནག་གིས་འཁྱོག་གཏམ་སྤེལ་བ་ལས་དཔལ་འབྱོར་དང་བུད་མེད་ཀྱི་གནས་ཚུལ་རྩ་བ་ནས་མེད་པ་ཁོང་གི་སྤུན་མཆེད་ཞིག་གིས་ཨེ་ཕེ་གསར་ལམ་ལ་བཤད་འདུག
ཕྱི་ལོ་༢༠༡༢་ཟླ་༡༠པའི་ནང་བོད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་རྫེ་རོ་སྡེ་བ་ནས་ཡིན་པའི་བོད་མི་རང་ལོ་༢༧ལ་ཕེབས་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་བོད་དོན་ཆེད་སྐུ་ལུས་མེར་སྲེག་བཏང་བའི་རྗེས། རྒྱ་ནག་གཞུང་ཕྱོགས་ནས་ཁོང་ལ་དངུལ་དང་བུད་མེད་ཀྱི་དཀའ་རྙོག་གནས་ཚུལ་ཡོད་པར་བརྟེན་དེ་ལྟར་བྱས་ལུགས་ཀྱི་འཁྱོག་གཏམ་སྤེལ་ཡོད་སྐོར་སངས་རྒྱས་རྒྱ་མཚོ་ལགས་ཀྱི་སྤུན་མཆེད་ཞིག་གིས་ཉེ་ཆར་ཨེ་ཕེ་གསར་འགྱུར་ལས་ཁང་གི་དྲི་བར་ལན་འདེབས་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་ནག་གཞུང་ཕྱོགས་ཀྱི་སྐྱོན་བཙུགས་དེ་དག་ལ་གཞི་རྩ་གང་ཡང་མེད་པ་དང་། སངས་རྒྱས་རྒྱ་མཚོ་ལགས་ནི་རྒྱུན་ལྡན་གྱི་ཞིང་པ་གཞོན་སྐྱེས་ཤིག་ཡིན་པ་འགྲེལ་བརྗོད་གནང་འདུག་ལ། དེ་བཞིན་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཕ་ཡུལ་གཅིག་པ་ཡིན་པའི་དགེ་འདུན་ཞིག་གིས་ཀྱང་རྒྱ་ནག་གཞུང་གི་སྐྱོན་བཙུགས་དེ་ཁས་ལེན་ཐབས་མེད་པ་དང་། ད་དུང་རྒྱ་ནག་གཞུང་ཕྱོགས་ནས་སངས་རྒྱས་རྒྱ་མཚོ་ལགས་ཀྱི་ནང་མི་ཚོར་ཁོང་གིས་རང་ལུས་མེར་སྲེག་བཏང་བ་ནི་བཟའ་ཟླ་དང་མ་འཆམ་པའི་རྐྱེན་ཡིན་ལུགས་ཕྱི་ཕྱོགས་སུ་བཤད་ཚེ་ནང་མི་ཚོར་རྒྱ་སྒོར་ས་ཡ་གཅིག་སྤྲོད་རྒྱུའི་ཆ་རྐྱེན་བཏོན་པ་ར་སྤྲོད་བྱུང་ཡོད་པ་སོགས་བཤད་འདུག