མེད་ཐབས་མེད་པའི་རང་བཙན།

ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་མེད་ཐབས་མེད་པའི་རང་བཙན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་འདུག

མེད་ཐབས་མེད་པའི་རང་བཙན། པར། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས།

བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་མེད་ཐབས་མེད་པའི་རང་བཙན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་འདུག

འདི་ཚེས་༥་རེས་གཟའ་སྤེན་པའི་ཉིན་བར་ལམ་གསར་འཛུགས་བྱས་པའི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་དབུ་རྒྱན་ལགས་ཀྱིས་མེད་ཐབས་མེད་པའི་རང་བཙན་ཞེས་པའི་བརྗོད་གཞིའི་དགོས་པ་དང་། དམིགས་ཡུལ་ངོ་སྤྲོད་གནང་རྗེས་ རྩོམ་པ་པོ་གྲགས་ཅན་དང་། བོད་དོན་དོན་གཉེར་བ་འཇམ་དབྱངས་ནོར་བུ་ལགས་ཀྱིས།  བོད་མིའི་རང་བཙན་གྱི་འཐབ་རྩོད་ཀྱི་ལོ་རྒྱུས་སྤྱི་དང་། ལྷག་དོན་རྒྱ་ནག་གིས་བར་ལམ་ནས་བོད་མི་རིགས་དང་། རྒྱལ་ཁབ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ལག་ལེན་བསྟར་མུས་ཡིན་པ་དང༌། ད་ཆ་བོད་ཀྱི་ཁོར་ཡུག་སྣོད་བཅུད་ཡོངས་སུ་རྩ་མེད་གཏོང་རྒྱུའི་ལས་འཆར་ངན་པ་ཁག་ཐེར་བཏོན་དང་སྦྲགས ཕྱི་ལོ་༢༠༠༨ནས་བཟུང་བོད་ཆོལ་ཁ་གསུམ་གྱི་མི་མང་ཚོས་རྒྱ་ནག་གི་གདུག་རྩུབ་དྲག་གནོན་མ་བཟོད་པར་ཞི་རྒོལ་སྣ་ཚོགས་ཀྱི་ལམ་ནས་རྒྱ་མའི་བཙན་གནོན་འོག་སྡོད་ཐབས་མེད་པའི་རྣམ་པ་གསལ་པོ་བཏོན་ཡོད་མ་ཟད་། ལོ་ཤས་གོང་ནས་དེ་འདྲའི་དཀའ་སྡུག་མ་བཟོད་པར་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་གི་ལམ་ནས་བོད་མིའི་རང་དབང་དང་རང་བཙན་གྱི་མངོན་འདོད་གསལ་སྟོན་བྱས་སྐོར་གསུངས་གནང་འདུག གཏམ་བཤད་རྗེས་དྲི་བར་དྲིས་ལན་ཡང་བྱས་ཡོད་པ་རེད༎

ཚོགས་འདུའི་དམིགས་བསལ་སྐུ་མགྲོན་སྐུའི་གཅེན་པོ་དམ་པ་ལྟག་འཚེར་རིན་པོ་ཆེའི་སྲས་ ཀུན་དགའ་ནོར་བུ་ལགས་ཀྱིས།   ངའི་པ་ལགས་ཀྱིས་རང་བཙན་ཆེད་མི་ཚེ་ཧྲིལ་བུ་བཏང་བའི་ལམ་དེར་ང་ཚོ་ནང་མི་ཚང་མ་ཡང་ཤར་བསྐྱོད་བྱེད་རྒྱུ་ཡིན།   ངའི་པ་ལགས་ཀྱིས་རང་བཙན་གྱི་བལྟ་བ་བརྟན་པོ་འཛིན་པ་དེར་རྒྱལ་བ་རིན་པོ་ཆེས་ནམ་ཡང་སྐྱོན་བརྗོད་གནང་མེད་པས། བོད་མི་ཚོས་ཀྱང་ལམ་དབུ་མ་ཡིན་ཡང་རུང་། རང་བཙན་ཡིན་ཡང་རུང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཐོག་རྡོག་རྩ་ཆིག་སྒྲིལ་དགོས་པའི་འབོད་སྐུལ་གནང་འདུག  བགྲོ་གླེང་ཚོགས་འདུ་དེར་ཨ་རིའི་ས་ཁུལ་ཁ་ཤས་དང་། ཁེ་ཎ་ཌ་བཅས་ནས་རང་བཙན་དོན་གཉེར་བ་བརྒྱ་སྐོར་ཞིག་མཉམ་ཞུགས་ཡོད་པ་དང་། ཡང་བོད་ཕྱི་ནང་གཉིས་ནས་ཐད་ཀར་དྲ་རྒྱའི་ཐོག་བོད་མི་དགུ་བརྒྱ་ཙམ་གྱིས་མཉམ་ཞུགས་གནང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org