གཅན་ཚའི་རྟ་མགྲིན་ཐར་སྐུ་གྲོངས་འདུག།
གཅན་ཚ་རུ་བོད་མི་རྟ་མགྲིན་ཐར་གྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་བྱས་རྗེས་སྐུ་གྲོངས་འདུག།
-
2012-06-15 -
-
-
གཅན་ཚ་རུ་བོད་མི་རྟ་མགྲིན་ཐར་གྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་བྱས་རྗེས་གྲོངས་འདུག། རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར། ཕྱི་ཟླ་དྲུག་པའི་ཚེས་༡༥ཉིན་བོད་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་ཏུ་ བོད་ནང་གི་སྔ་དྲོའི་ཚོུད་དྲུག་དང་ཕྱེད་ཀ་ཡས་མས་ཙམ་ལ་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་པ་དང་། རང་ལོ་༦༠་ཡས་མས་ཙམ་ཡིན་པའི་བོད་མི་རྟ་མགྲིན་ཐར་ཞུ་བ་ཞིག་གིས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་ རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་འདུག རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་ མེར་སྲེག་བཏང་སྟེ་ཅུང་མ་འགོར་བར་ས་གནས་རྒྱ་མིའི་ཉེན་རྟོག་མི་སྣས་མེ་བསད་དེ་བཙན་འཁྱེར་བྱས་འདུག དེ་མ་ཐག་ས་གནས་མང་ཚོགས་ཚོས་རྟ་མགྲིན་ཐར་ལགས་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་སྟེ་རྫོང་ཐོག་ནས་ངོ་རྒོལ་བྱས་སྟབས་ ས་གནས་ཉེན་རྟོག་པས་ཉིན་དེའི་ཚོུད་༡༡ཙམ་ལ་ཁོང་ཕྱིར་ནང་མིར་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་པ་ལས། སྐབས་དེར་ཁོང་གྲོངས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བོ་བཤད་མེད་ཀྱང་ཉིན་གུང་ཙམ་ལ་ཁོང་འདས་གྲོངས་སུ་གྱུར་བ་བཤད་པ་དང་། སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཡོད་འདུག།
ས་གནས་མི་མང་ཚོས་ཁོང་གི་སྐུ་ཕུང་ལོ་བ་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་པ་དང་། ས་གནས་དགེ་འདུན་པ་དང་མང་ཚོགས་སྟོང་ཕྲག་མང་པོས་སྐུ་ཕུང་ལ་མཇལ་དར་བསྒྲོན་ཏེ་གདུང་སེམས་མཉམ་སྐྱེད་དང་། ནང་མིར་སེམས་གསོ་གནང་བ་མ་ཟད། བོད་མི་མང་པོ་རང་ལུས་མེར་བསྲེགས་གཏོང་ཡུལ་དྲག་ཆས་ལས་ཁུངས་མདུན་ལ་སོང་ནས་ཁ་བཏགས་འཐེན་པ་དང་། མར་མེ་སྦར་བ་སོགས་བྱས་འདུག། དེ་ལྟར་དམ་པ་ཁོང་གི་སྐུ་ཕུང་ཉིན་དེའི་དགོང་དྲོར་ཞུགས་འབུལ་བྱེད་རྒྱུ་བྱེད་བཞིན་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་ཏུ་དམག་མི་འགྲེམས་འཇོག་གིས་ས་གནས་མི་མང་ལ་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད་འདུག