ཉེན་རྟོག་བདེ་འཇགས་སྐུ་ཚབ་ཚོགས་པས་བལ་ཡུལ་ལ་གཟིཊ་སྐོར།
བོད་རང་སྐྱོང་ལྗོངས་ཉེན་རྟོག་བདེ་འཇགས་ཚན་པའི་སྐུ་ཚབ་ཚོགས་པས་བལ་ཡུལ་དུ་གཞུང་འབྲེལ་གྱི་གཟིགས་སྐོར་གནང་འདུག
-
2014-01-16 -
-
-
བོད་རང་སྐྱོང་ལྗོངས་ཉེན་རྟོག་བདེ་འཇགས་ཚན་པའི་འགན་འཛིན་གཞོན་པ་གཙོས་པའི་སྐུ་ཚབ་ཚོགས་པས་བལ་ཡུལ་དུ་གཞུང་འབྲེལ་གྱི་གཟིགས་སྐོར་གནང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཉེན་རྟོག་བདེ་འཇགས་ཚན་པའི་འགན་འཛིན་གཞོན་པ་བློ་བཟང་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུའི་ནང་ཉེ་ཆར་སྤྱི་ཟླ་དང་པོའི་སྤྱི་ཚེས་༧ནས་༡༠བར་གྱི་ཉིན་གྲངས་གསུམ་གྱི་རིང་ལ་བལ་ཡུལ་དུ་ཕྱོགས་ཕེབས་གནང་ཡོད་པ་དང༌། སྐུ་ཚབ་ཚོགས་པ་དེས་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་དང། ཉེན་རྟོག་སྤྱི་ཁྱབ། བལ་པོའི་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སོགས་དང་མཇལ་འཕྲད་ཀྱིས་ནང་ཁུལ་གྲོས་མོལ་གནང་འདུག
བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་དེའི་སྐོར་གནས་ཚུལ་སྤེལ་མེད་ནའང་། ཤེས་རྟོགས་བྱུང་བ་ལྟར་ན། སྐུ་ཚབ་ཚོགས་པ་དེས་བལ་ཡུལ་གྱི་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་ཚན་པ་ལ་རྒྱ་ནག་གིས་རོགས་རམ་འཕར་མ་བྱེད་ཕྱོགས་དང་། བོད་དང་ས་འབྲེལ་བལ་ཡུལ་གྱི་མཐའ་མཚམས་རྫོང་ཁག་ལ་དྲག་ཆས་ཉེན་རྟོག་པའི་རྟེན་གཞི་རྒྱ་ཆེ་རུ་གཏོང་རྒྱུ། མཐའ་མཚམས་བདེ་འཇགས་ཀྱི་ལས་དོན་ཚགས་ཚུད་དུ་གཏོང་ཕྱོགས་སོགས་ཀྱི་སྐོར་གྲོས་མོལ་དང་། དེ་བཞིན་སྐུ་ཚབ་ཚོགས་པས་དེས་བལ་ཡུལ་ནང་ཡོད་པའི་བོད་མི་ཚོས་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་དང་། རང་ལུས་མེར་བསྲེགས་སོགས་ཀྱི་ལས་འགུལ་མི་ཡོང་བར་གཏིང་འཛིན་བྱེད་དགོས་པ་སོགས་ཀྱི་ནན་སྐུལ་ཞུས་ཡོད་འདུག
གསར་འགོད་པ་ཚེ་དབང་ནོར་བུ།