ད་ལོར་སྲོལ་རྒྱུན་བོད་ཀྱི་ལོ་གསར་སྲུང་བརྩི་གནང་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་འདུག
-
2014-02-19 -
-
-
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་འདུག
དེ་ཡང་སྤྱི་ཚེས་༡༩ཉིན་སྲིད་སྐྱོང་མཆོག་གིས་འཆར་ལ་ཉེ་བའི་བོད་རྒྱལ་ལོ་༢༡༤༡རབ་གནས་ཤིང་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ། གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་བཀའ་ཤག་གིས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་གནང་བ་དང་ཆབས་ཅིག། ད་རེས་ཚང་མས་སྲོལ་རྒྱུན་ལྟར་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། ལོ་གསར་སྐབས་ཚང་མས་རང་ལུགས་ཀྱི་ན་བཟའ་བཞེས་ནས། སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྲུང་བརྩི་ཞུ་དགོས་རྒྱུ་དང་། མི་རབས་གཞོན་པ་ཚོར་ལོ་གསར་སྐོར་ངོ་སྤྲོད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་ལོ་གསར་ཚེས་གཅིག་ཉིན་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པའི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གི་ཡོད་སྐོར་གསུང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ལོ་གསར་སྐབས་ཕ་མ་སྤུན་ཉེ་ཚང་འཛོམས་སྐབས མི་རབས་གཞོན་པ་ཚོས་རང་ཉིད་ཀྱི་ཕ་མའི་ལོ་རྒྱུས་དང་ཕ་ཡུལ་་གྱི་གནས་ཚུལ་སྐོར་ཁྱིམ་ཚང་གི་བགྲེས་པ་ཚོའི་ཞལ་ནས་གསན་རྒྱུ་གལ་ཆེ་ཡིན་པ་དང་། བོད་མིའི་གཤིས་རྒྱུད་ལ་ཡོད་པའི་ཡ་རབས་བཟང་སྤྱོད་མི་ཉམས་པ་བྱ་དགོས་པའི་རེ་འདུན་གནང་འདུག་ལ། ད་ལྟའི་ཆར་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་རྣམས་ནམ་ཡང་མ་བརྗེད་པར་དུས་རྟག་ཏུ་ཁོང་རྣམ་པའི་ཆེད་སྨོན་ལམ་སྐྱོན་དགོས་རྒྱུའི་དྲན་བསྐུལ་ཡང་གནང་འདུག མཐའ་དོན་ཕྱི་ལོ་༢༠༡༤ལོའི་ནང་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་འཕྲིན་སྔར་ལྷག་རྒྱས་པ་དང་། ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས་གནང་འདུག
ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་སའི་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པའི་སྐབས་འདིར་སྲིད་སྐྱོང་མཆོག་ཀྱང་འདི་ཁུལ་ཆེད་ཕེབས་གནང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།