དེ་རིང་སྲིད་འཛིན་འོས་མི་རྣམ་གཉིས་ཀྱི་བགྲོ་གླེང་རེད།
རྒྱལ་ཡོངས་འོས་བསྡུ་སླེབས་ལ་ཉེ་བ་དང་ཨ་མི་རི་ཀའི་སྲིད་འཛིན་འོས་མི་རྣམ་གཉིས་ཀྱིས་སྲིད་འཛིན་གྱི་བགྲོ་གླེང་ཐེངས་དང་པོ་ས་གནས་ཁག་གཉིས་ལ་གྲ་སྒྲིག་གནང་བཞིན་པ་རེད།
-
2012-10-03 -
-
-
མི་རིང་བའི་ཟླ་བཅུ་གཅིག་པའི་ཚེས་ ༦་ ཉིན་ཨ་མི་རི་ཀའི་མི་མང་རྣམས་ཀྱིས་མང་གཙོའི་འོས་ཤོག་བརྒྱུད་ནས་འབྱུང་འགྱུར་གྱི་ལོ་ངོ་བཞིའི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་འདེམས་གནང་རྒྱུ་ཡིན་པ་ལྟར། སྐབས་དེའི་འོས་མི་གཉིས་ནི་ད་ལྟ་སྲིད་འཛིན་ Barrack Obama མཆོག་དང་། Massachusettes མངའ་སྡེའི་སྲིད་སྐྱོང་ཟུར་པ་ Mitt Romney ཡིན་པར། ཁོང་གཉིས་ཀྱིས་དེ་རིང་ཚེས་ ༣་ རེས་གཟའ་ལྷག་པའི་ཉིན་ཀོ་ལོ་རེ་ཌའི་མངའ་སྡེའི་གྲོང་ཁྱེར་གཙོ་བོ་ Denver ནང་དུ་ཡོད་པའི་ Denver གཙུག་ལག་སློབ་གྲ་ཆེན་པོའི་ནང་སྲིད་འཛིན་གྱི་བགྲོ་གླེང་ཐེངས་དང་པོ་གནང་རྒྱུ་དང་། བགྲོ་གླེང་གི་གླེང་གཞི་ཨ་མི་རི་ཀའི་རྒྱལ་ནང་གི་གནད་དོན་ཐོག་ཡིན་པ་རེད། ཚོགས་བཅར་བ་གཙོ་བོ་གཙུག་ལག་སློབ་གྲ་དེ་ཉིད་ཀྱི་སློབ་ཕྲུག་ཡིན་པ་ལས་ དམངས་ཁྲོད་ཀྱི་མི་སྣ་མང་པོ་མཉམ་ཞུགས་གནང་གི་མེད་པ་རེད། འོན་ཀྱང་འཛམ་གླིང་གི་ས་གནས་གང་ས་ནས་ཕེབས་པའི་ཕྱི་རྒྱལ་གྱི་གསར་འགོད་པ་སྟོང་ཕྲག་གཅིག་ཙམ་ལ་བགྲོ་གླེང་གི་གནས་ཚུལ་མཁོ་སྒྲུབ་ཀྱི་ཆེད་དུ་ཕྱག་འཁྱེར་ཕུལ་ཡོད་ཅིང་། འཛམ་གླིང་གི་ས་གནས་གང་ས་ནས་ཨ་མི་རི་ཀའི་སྲིད་འཛིན་གྱི་བགྲོ་གླེང་ཐོག་ཐུགས་སྣང་ཤུགས་ཆེ་གནང་གི་ཡོད་པ་རེད་འདུག་། སྲིད་འཛིན་ Obama མཆོག་གིས་ Nevada ས་གནས་སུ་གྲ་སྒྲིག་གནང་གི་ཡོད་ཅིང་། དེ་བཞིན་པའི་སྲིད་འཛིན་ལ་ཁ་གཏད་བཅོག་མཁན་ Mitt Romney གྱིས་ Colorado ནང་དུ་གྲ་སྒྲིག་གནང་བཞིན་པ་ཡིན་པ་དང་། ད་ལྟའི་ཆར་ཨ་མི་རི་ཀའི་གསར་འགྱུར་བརྒྱུད་ལམ་ཁག་ནས་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་འབྲས་ནང་སྲིད་འཛིན་ Obama མཆོག་བརྒྱ་ཆ་གཉིས་ཙམ་མདུན་དུ་ཡོད་པའི་གནས་ཚུལ་ཐོན་འདུག