དགེ་རྩ་གསར་འཛུགས་ཀྱི་མཛད་སྒོ།
སོག་ཡུལ་གྱི་ནང་པའི་དབུ་ཁྲིད་མཁལ་ཁ་རྗེ་བཙུན་དམ་པའི་དྲན་རྟེན་གྱི་དགེ་རྩ་ཚོགས་པ་གསར་འཛུགས་ཀྱི་རྟེན་འབྲེལ་གནང་སོང་།
-
2013-06-27 -
-
-
༄༅། །སོག་ཡུལ་གྱི་ནང་པའི་དབུ་ཁྲིད་མཁལ་ཁ་རྗེ་བཙུན་དམ་པ་སྐུ་ཐོགས་དགུ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་སོག་ཡུལ་གྱི་ཕྱི་ལ་འཚོ་གནས་བྱེད་བཞིན་པའི་སོག་པོ་སྤྱི་དང་། བྱེ་བྲག་ཏུ་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་ནང་གནས་བཞིན་པའི་སོག་ཡུལ་གྱི་ནང་པ་ཚོས་ཐུན་མོང་མ་ཡིན་པའི་སོ་སོའི་སོག་སྐད་དུ་ Bogd Lamaཞེས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་དད་གུས་དང་བརྩི་མཐོང་ཤིན་ཏུ་ཆེན་པོ་འཇོག་མུས་ཡིན་པ་ཡིན་པ་རེད། སོག་ཡུལ་གྱི་ཕྱི་ལ་གནས་བཞིན་པའི་སོག་པོའི་ནང་པ་ཚོས་རྗེ་བཙུན་དམ་པ་ འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་ཨ་མི་རི་ཀ་སོགས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་ཕྱིར་གདན་འདྲེན་ཞུ་རྒྱུའི་འཆར་གཞི་རྒྱ་ཆེ་གཏིང་འདུག འོན་ཀྱང་དགུང་ལོའི་བབ་ཀྱི་རྐྱེན་པས་རྗེ་བཙུན་དམ་པ་དེ་ཉིད་ ཕྱི་ལོ་ ༢༠༡༢ ཟླ་༣ནང་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏེ། སོག་ཡུལ་གྱི་ཕྱི་ལ་གནས་བཞིན་པའི་སོག་པོའི་ནང་པ་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད། མཁལ་ཁ་རྗེ་བཙུན་དམ་པ་ཨ་མི་རི་ཀར་དངོས་སུ་གདན་འདྲེན་ཞུ་མི་ཐུབ་ནའང་། ཁོང་གི་ཐུགས་ཀྱི་དགོངས་བཞེད་དེ་དག་གྲུབ་ཐབས་ཀྱི་ཆེད་དུ་སོག་པོ་དང་། ཨ་མི་རི་ཀའི་ Bogd Lama Foundation འམ་ རྗེ་བཙུན་དམ་པའི་དྲན་རྟེན་མཚོན་དོན་དུ་ཨ་མི་རི་ཀའི་མངའ་སྡེ་ VIRGINIAའི་ནང་དགེ་རྩ་ཚོགས་པ་ཞིག་གསར་འཛུགས་གནང་སྟེ། དུས་ཡུན་ཟླ་བ་འགའ་ཤས་ཕྱིན་འདུག དགེ་རྩ་ཚོགས་པ་དེ་དངོས་སུ་དབུ་འབྱེད་གནང་བའི་རྟེན་འབྲེལ་སླད་དུ་ཟླ་བ་འདིའི་ཚེས་ ༢༡ ཉིན་ཨ་མི་རི་ཀའི་རྒྱལ་སའི་ནང་གི་FOUR SEASONS མིང་ཅན་གྱི་མགྲོན་ཁང་ནང་སོག་ཡུལ་གྱི་གཞུང་ཚབ་སྐུ་ཞབས་ALTANGEREL BULGAAམཆོག་གིས་གཙོས་པའི་རྗེ་བཙུན་དམ་པའི་སྲས་འཇམ་དཔལ་སྲིད་ཆོས་ལགས་སོགས་གནད་ཡོད་མི་སྣ་མང་པོ་སྐུ་མགྲོན་དུ་གདན་ཞུ་གནང་སྟེ། རྟེན་འབྲེལ་མཛད་སྒོ་རྒྱས་བསྡུས་འཚམས་པོ་ཞིག་གོ་སྒྲིག་གནང་སོང་། མཛད་སྒོའི་སྐབས་སྐུ་མགྲོན་ཁོངས་ནས་མཆོག་ཏུ་གྱུར་པ་ནིའུ་ཡོརྐ་གཙུག་ལག་སློབ་གྲྭའི་རྗེ་ཙོང་ཁ་པའི་བོད་ཀྱི་རིག་གནས་སྡེ་ཚན་གྱི་མཁས་དབང་ Robert Thurmanལགས་ཀྱིས་གསུང་བཤད་གནང་སྐབས། ངའི་རེ་བར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། དཔལ་ན་ལེན་ཌའི་ཆོས་བརྒྱུད་གཞི་ལ་བཞག་པའི་དད་པ་ཁོ་ནར་བརྟེན་པ་མ་ཡིན་པར་ཚད་མར་གཞི་བཅོལ་བའི་ནང་ཆོས་སློབ་གཉེར་བྱ་སའི་ལྟེ་གནས་ཞིག་རྒྱ་གར་ནང་སླར་གསོ་བྱེད་བཞིན་པ་དེ་འདྲ་བོད་ནང་ལ་ད་ལྟའི་འཆར་བསྐྱར་གསོ་བྱ་ཐབས་དཀའ་ཡང་། མ་འོངས་པའི་ལོ་ལྔའི་ནང་ཚུད་ལ་བོད་ནང་འགྱུར་བ་ཆེན་པོ་འགྲོ་བའི་ཡིད་ཆེས་བརྟན་པོ་ཡོད། ཡིན་ནའང་སྔ་ཐོག་སོག་ཡུལ་ནང་མིང་ཙམ་མ་ཡིན་པའི་མིང་དོན་མཚུངས་པའི་དཔལ་ན་ལེན་ཌའི་ཆོས་བརྒྱུད་གཞིར་བཟུང་། ནང་ཆོས་སྦྱང་ཞིང་ཉམས་ལེན་བྱ་སའི་གཙུག་ལག་སློབ་གྲྭ་ཞིག་གསར་འཛུགས་ཐུབ་པའི་གོ་སྐབས་ཡོད་རེད་ཞེས་དེར་འཛོམས་པའི་སོག་པོ་རྣམས་ལ་སེམས་འགུལ་ཐེབས་རུང་བའི་འབོད་སྐུལ་ཞུས་སོང་།།