མི་མང་ས་ཡ་ཕྱེད་ཀ་ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་འཆར།
ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་དུས་ཚིགས་དེར་ཧོང་ཀོང་མི་མང་ས་ཡ་ཕྱེད་ཀ་ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་འཆར་འདུག
-
2014-06-26 -
-
-
ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་དུས་ཚིགས་དེར་ཧོང་ཀོང་མི་མང་ས་ཡ་ཕྱེད་ཀ་ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་འཆར་འདུག
དེ་ཡང་ལོ་ལྟར་སྤྱི་ཟླ་༧པའི་ཚེས་༡ཉིན་ཧོང་ཀོང་ནང་ངོ་རྒོལ་རྔམ་སྟོན་བྱེད་ཀྱི་ཡོད་པ་ལྟར། ད་རེས་ཧོང་ཀོང་གི་འགྲོ་བ་མིའི་སྤྱི་དམངས་ཐོབ་ཐང་མདུན་བསྐྱོད་ཚོགས་པས་ཧོང་ཀོང་གི་ཁྲོམ་གཞུང་ནང་འདས་པའི་མི་ལོ་༡༠་ནང་ནས་མི་འབོར་མང་ཤོས་འདུ་འཛོམས་བྱ་རྒྱུའི་རེ་བ་དང་སྔོན་དཔག་གནང་གི་ཡོད་པ་རེད། ༢༠༠༣ ལོར་ཧོང་ཀོང་ནང་མི་མང་འབུམ་བདུན་བརྒལ་བས་ཧོང་ཀོང་ནང་དམངས་གཙོའི་དགོས་འདུན་ཆེད་ཧོང་ཀོང་གི་ཁྲོམ་གཞུང་ཐོག་འདུ་འཛོམས་ཀྱིས་དམངས་གཙོའི་འབོད་སྒྲ་སྒྲོག་ཡོད་པ་རེད། ད་རེས་ཧོང་ཀོང་མི་མང་དེ་བས་མང་བ་འདུ་འཛོམས་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་ཧོང་ཀོང་གི་འགྲོ་བ་མིའི་སྤྱི་དམངས་ཐོབ་ཐང་མདུན་བསྐྱོད་ཚོགས་པའི་འགན་འཛིན་Yeung ཡིས་བརྗོད་འདུག
ཁོང་གིས་ཧོང་ཀོང་གི་མི་མང་ཚོས་སོ་སོའི་མ་འོངས་པའི་ཐོབ་ཐང་ཐད་བསམ་བློ་གཏོང་རྒྱུ་འགོ་བཙུགས་པ་དང་སྦྲགས་རྒྱ་ནག་གཞུང་གིས་མ་འོངས་པར་ཁོང་ཚོར་མནར་གཅོད་གཏོང་བའི་འཇིགས་སྣང་ཚོར་གྱི་ཡོད་རེད་ཅེས་གསར་འགོད་པར་འགྲེལ་བཤད་གནང་ཡོད་པ་རེད། ཕྱེད་རང་དབང་ལྡན་པའི་ཧོང་ཀོང་གི་མི་མང་ཚོས་ལོ་ལྟར་ཕྱི་ཟླ་༧ཚེས་༡ཉིན་དམངས་གཙོའི་དགོས་འདུན་གཙོ་བོར་གྱུར་པའི་གནད་དོན་མང་པོའི་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་གནང་གི་ཡོད་པ་ལྟར་འདི་ལོ་ཕྱི་ཟླ་བདུན་པའི་ཚེས་གཅིག་ཉིན་མི་མང་ས་ཡ་ཕྱེད་ཀ་ཙམ་འདུ་འཛོམས་ཀྱིས་མུ་མཐུད་ལས་འགུལ་སྤེལ་འཆར་ཡོད་འདུག
གསར་འགོད་པ་དབྱངས་སྒྲོལ།