༧གོང་ས་མཆོག་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་དུ་ཆིབས་བསྒྱུར།

༧གོང་ས་མཆོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ་གནང་འདུག

དེ་ཡང་ཟླ་༡ཚེས་༥ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧཱར་རྒྱལ་ས་པ་ཊ་ནར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་ཝི་ཏི་ནམ་ནང་པའི་དགེ་སློང་དང་། བཙུན་མ། དེ་བཞིན་སེར་སྐྱ་མི་མང་ཚརོ་དེང་དུས་ཀྱི་ནང་པའི་ལས་འགན་སྐོར་བཀའ་སློབ་བསྩལ་གནང་ཡོད་པ་དང་། དེ་ནི་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་གིས་ཇི་ལྟར་གདན་ཞུས་ལྟར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་པ་ཊ་ནར་རྟེན་གཞི་བྱས་པའི་སྟོན་པ་རྗེས་དྲན་གྱི་སྐྱེས་མོས་ཚལ་དུ་ ༸ཞབས་སོར་འཁོད་གནང་བ་དང་། སྐབས་དེར་ཉི་ཧོང་དང་། བྷང་ལ་དེ་ཤི། འབར་མ། ཐེ་ལེན་ཌི། ཤྲི་ལངྐཱ། རྒྱ་གར། འབྲུག ཝི་ཏིམ་ནམ། ལའོ་སི། བོད་སོགས་ཀྱི་ནང་པའི་དགེ་སློང་ཕ་མ་གཙོ་བོར་གྱུར་བའི་སྐྱ་སེར་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག

དེ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མཱར་མཆོག་གིས་གསུང་བཤད་གནང་བའི་ནང་། སྟོན་པ་རྗེས་དྲན་གྱི་སྐྱེས་མོས་ཚལ་གསར་སྐྲུན་དང་ཁུལ་འདིར་རྡོ་རྗེ་གདན་དང་། ཤྲི་ལངྐཱ་ནས་གདན་འདྲེན་ཞུས་པའི་བྱང་ཆུབ་ལྗོན་ཤིང་གི་ས་བོན་འཛུགས་ཐུབ་པ་དེས་སྟོན་པ་རྗེས་སུ་དྲན་པའི་ཐོག་ནས་སྟོན་པའི་ཡོན་ཏན་རྗེས་སུ་དྲན་ཐུབ་པ་བྱུང་། འབྱུང་འགྱུར་གནས་འདིར་ནང་ཆོས་སློབ་གཉེར་བྱེད་སའི་ཤེས་ཡོན་གྱི་བསྟི་གནས་ཁང་ཞིག་ཏུ་འགྱུར་ཐུབ་རྒྱུའི་རེ་བ་ཡོད་སྐོར་གསུང་འདུག

སྐབས་དེར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བའི་ནང་ད་ཆ་ང་ཚོ་དུས་རབས་༢༡ ནང་ཡོད། དུས་ཚོད་འགྲོ་བཞིན་པ་དེར་སུས་ཀྱང་འགོག་མི་ཐུབ། ང་ཚོས་འདས་པའི་གནས་ཚུལ་གང་བྱུང་བ་དེར་བསྐྱར་བཅོས་གཏོང་མི་ཐུབ། འོན་ཀྱང་མ་འོངས་པའི་གནས་ཚུལ་ཇི་འདྲ་ཞིག་ཡོང་མིན་ང་ཚོའི་ལག་ཏུ་ཡོད། སྤྱི་ཚོགས་ནང་དབུལ་ཕོངས་ཀྱི་དཀའ་ངལ་ཧ་ཅང་ཡོད་པའི་དུས་སྐབས་འདིར། ཕྱི་དངོས་པོའི་འཛུགས་སྐྲུན་གྱིས་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འོན་ཀྱང་ཕྱི་དངོས་པོའི་ཡར་རྒྱས་དང་ལྷན་ང་ཚོས་སེམས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་ཡ་རབས་བཟང་པོའི་རིན་ཐང་དེ་དག་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་གསུགས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org