ཆབ་མདོ་ཀརྨ་ཡུལ་ཚོའི་བོད་མི་ལྔ་བཟུང་འདུག
བོད་ལྗོངས་ཆབ་མདོ་ཀརྨ་ཡུལ་ཚོའི་བོད་མི་ལྔ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་འདུག
-
2014-01-06 -
-
-
བོད་ལྗོངས་ཆབ་མདོ་ཀརྨ་ཡུལ་ཚོའི་བོད་མི་ལྔ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་འདིའི་ཚེས་༥་ཉིན་རྒྱ་གཞུང་གི་ཉེན་རྟོག་པ་དང་། དམག་མི་མང་པོ་ཞིག་བོད་ལྗོངས་ཆབ་མདོ་ས་ཁུལ་ཀརྨ་ཡུལ་ཚོ་རུ་འབྱོར་ནས་ས་གནས་ཀྱི་བོད་མིའི་ཐོག་དམ་དྲག་གི་བྱ་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་ཁྱིམ་ཚང་རྣམས་ལ་སྔོག་བཤེར་བྱས་པ་མ་ཟད། བོད་མི་ལྔ་ཙམ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད་འདུག བཙན་ཁྲིད་བྱས་པའི་མི་སྣ་ལྔ་པོ་ནི་བར་ལོ་གཡུང་དྲུང་དང་། དན་མ་བཀྲ་སྟོབས། སྔོ་ར་བཀྲ་ཤིས་རྣམ་རྒྱལ། གྲ་ཚ་རྡོ་རྗེ་རིག་འཛིན། དབྱིབ་ནུབ་བསོད་ནམས་ཉི་མ་བཅས་ཡིན་པ་རེད་འདུག
གནས་ཚུལ་ནང་མུ་མཐུད་དུ། ཁོང་རྣམས་འཛིན་བཟུང་བྱས་བའི་རྒྱུ་མཚན་གསལ་པོ་མེད་ཀྱང་། ས་གནས་ཀྱི་ཡུལ་མི་ཚོས་ནང་ཁུལ་དུ་འཁྲུག་འཛིང་མི་བྱེད་པའི་དམ་བཅའ་བླངས་ནས་བོད་མི་ནང་ཁུལ་མཐུན་སྒྲིལ་གྱི་ལས་འགུལ་སྤེལ་བའི་རྒྱུ་མཚན་གྱིས་ཡིན་པ་ས་གནས་བོད་མི་ཚོས་དོགས་པ་བྱེད་ཀྱི་ཡོད་འདུག
ཚེས་༣ཉིན་ཡང་ཕུན་ཚོགས་རྣམ་རྒྱལ་དང་། པདྨ་ཚུལ་ཁྲིམས། རྡོ་རྗེ་བློ་གྲོས་བཅས་གསུམ་འཇུ་བཟུང་བྱས་ཏེ་ད་ལྟ་བཙོན་ཁང་ནང་དུ་ཡོད་པ་རེད་འདུག
གནས་ཚུལ་ལྟར་ན། ཉེ་ཆར་ཀརྨ་ལྷ་རུ་གྲོང་ནས་ཡིག་རྨོངས་སེལ་བའི་ཟབ་སྦྱོང་འཛིན་གྲ་ཞིག་བཙུགས་ཡོད་ཀྱང་། རྒྱ་གཞུང་གིས་དེ་ཁྲིམས་འགལ་ཡིན་པའི་རྒྱུ་མཚན་བཤད་ནས་འགོ་ཁྲིད་འཛིན་བཟུང་བྱས་བ་མ་ཟད། ཟབ་སྦྱོང་གི་འཛིན་གྲ་ཡང་ཚོགས་མི་ཆོག་པ་བྱས་ནས་བཀག་ཡོད་པ་རེད། ཀརྨ་ཡུལ་ཚོར་ཉེ་བའི་ནང་བོད་མིས་བོད་དོན་ཆེད་རང་ལུས་མེར་བསྲེག་དང་། གཞུང་གི་ལས་ཁང་ཐོག་འབར་གས་སོགས་ཀྱི་གནས་ཚུལ་བྱུང་བར་བརྟེན་རྒྱ་ནག་གིས་ཀརྨ་དགོན་པའི་དགེ་འདུན་པ་རྣམས་ལ་དམིགས་བསལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།