༧གོང་ས་མཆོག་ཉི་ཧོང་ལ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རིང་མིན་སྤྱི་ཟླ་བཞི་པའི་ནང་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད་འདུག

༧གོང་ས་མཆོག་༢༠༡༣ལོར་ཉི་ཧོང་ལ་ཕེབས་སྐབས། ༢༠༡༣།༡༡།༢༢ པར། སྐུ་སྒེར་དྲ་བ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རིང་མིན་སྤྱི་ཟླ་བཞི་པའི་ནང་ཉི་ཧོང་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད་འདུག
དེ་ཡང་ཉི་ཧོང་དུ་བཅའ་བཞུཊ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་དོན། ཟླ་བ་རྗེས་མར་༧གོང་ས་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་བསྐྱང་གནང་མཛད་ཀྱི་ཡོད་པ་དེ་། སྔ་ལོ་ཕྱི་ཟླ་༡༡པའི་ནང་ཁུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་པའི་རྗེས་ལོ་འདིའི་ནང་གི་ཆིབས་བསྒྱུར་དང་པོ་དེ་ཡིན་པ་རེད། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་ལ་སྐྱོན་བརྗོད་གནང་མཁན་ཁ་བྲལ་རིང་ལུགས་པར་ངོས་འཛིན་ཞུ་གི་ཡོད་པ་ལྟར། ཉི་ཧོང་གིས་
༧གོང་ས་མཆོག་ཡུལ་དེའི་ནང་ཕེབས་ཆོག་རྒྱུའི་ཐོངས་མཆན་Visaའབུལ་ལམ་ཞུས་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་སྲིད་པའི་སྐོར་ཉི་ཧོང་གི་Kyodoགསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཉི་ཧོང་དུ་བཅའ་བཞུཊ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གསུངས་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལ་ཕྱི་ཟླ་༤ཚེས་༦ནས་༡༨བར་ཆིབས་བསྒྱུར་བསྐྱངས་ནས། དེ་སྔོན་༢༠༡༡ལོར་ས་ཡོམ་དང་མཚོ་རླུང་དྲག་པོའི་གོད་ཆགས་ཕོག་པའི་ཉི་ཧོང་ཡུལ་མི་རྣམས་ལ་སེམས་གསོ་གནང་རྒྱུ་དང། རྒྱལ་ས་Tokyo དང་། Kyotoགཉིས་ནང་མང་ཚོགས་ལ་གསུང་བཤད་དང། མཁས་པ་ཁག་དང་བགྲོ་གླེང་གི་མཛད་འཆར་གོ་སྒྲིག་ཞུས་ཡོད་པ་རེད།
ད་རེས་ཀྱི་ཆིབས་བསྒྱུར་དེའི་ཐོག་༧གོང་ས་མཆོག་གིས་ཉི་ཧོང་གི་ཆབ་སྲིད་མི་སྣ་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་མེད་པ་རེད།   
གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org