བློན་ཆེན་གཉིས༧གོང་ས་མཆོག་ལ་མཇལ་འཕྲད་དམ་བསྒྲགས།

ཉེ་བའི་ཟླ་དྲུག་པར་༧གོང་ས་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་སྐབས་སྲིད་བློན་ཁཱ་མོ་རོན་མཆོག་གི་ལས་ཁུངས་ནས་བློན་ཆེན་གཉིས་༧གོང་ས་མཆོག་མཇལ་འཕྲད་ཞུ་ཆོག་མིན་ཐད་དམ་དྲག་གནང་ཡོད་འདུག

དེ་ཡང་དབྱིན་ཡུལ་གྱི་སྲིད་བློན་Cameron མཆོག་གི་ལས་ཁུངས་ནས་བློན་ཆེན་Tim Loughton དང་Norman Baker རྣམ་གཉིས་ལ་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་ཆོག་རྒྱུ་མིན་པའི་དམ་དྲག་གནང་ཡོད་སྐོར་བློན་ཆེན་གཉིས་ཀྱི་མྱུར་འཕྲིན་གྱི་ནང་དོན་ཕྱིར་འགྱར་ཕྱིན་པ་དབྱིན་ཇིའི་The Telegraph གསར་ཤོག་ནང་གནས་ཚུལ་སྤེལ་འདུག

གསར་ཤོག་དེའི་ནང༌། བློན་ཆེན་Tim Loughton དང་Norman Baker རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཉིན་གུང་གསོལ་ཚིག་མཉམ་བཞེས་གནང་རྒྱུའི་འཆར་གཞིའི་ཐོག་སྲིད་བློན་ལས་ཁུངས་ནས་བཀག་བསྡོམས་གནང་ཡོད་པར་བརྟེན་འཆར་གཞི་དེ་དག་སྐེད་མཚམས་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད།

སྐབས་དེར་Mexico ་གྲོང་ཁྱེར་Cancun དུ་G-20ལྷན་ཚོགས་གནང་བཞིན་པ་དེའི་སར་དབྱིན་ཇིའི་སྲིད་བློན་David Cameron མཆོག་གིས་ཡུ་རོབ་ཁྱབ་ཁོངས་རྒྱལ་ཁབ་ཚོའི་དཔལ་འབྱོར་དཀའ་ངལ་སྐོར་གྲོས་མོལ་གནང་ཡོད་ཅིང༌། རྒྱ་ནག་གིས་ཡུ་རོབ་དཔལ་འབྱོར་གྱི་དཀའ་ངལ་ནས་ཕྱིར་ཐོན་ཐབས་སུ་རྒྱལ་སྤྱིའི་མ་དངུལ་ཐེབ་རྩར་ཡུ་རོ་ཐེར་འབུམ་༢༧མཁོ་འདོན་བྱ་རྒྱུའི་གྲོས་མོལ་གནང་བཞིན་པའི་སྐབས་འཁེལ་ཡོད་པ་རེད།

༧གོང་ས་མཆོག་དབྱིན་ཡུལ་དུ་ལོ་འདིའི་ཕྱི་ཟླ་དྲུག་པའི་ཚེས་༡༤ནས་༢༣བར་ཆིབས་བསྒྱུར་བསྐྱངས་ཡོད་པའི་སྐབས་དེར་གོང་ཞུས་གནས་ཚུལ་དེ་བྱུང་ཡོད་པ་དང༌། བློན་ཆེན་རྣམ་གཉིས་ནས་ཕྱི་ཟླ་༧པའི་ནང༌། སྲིད་བློན་Cameroon མཆོག་ལ་སྒེར་གྱི་ཞུ་སྙན་ཞིག་ཕུལ་ཡོད་པའི་ནང༌། ༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱངས་བའི་སྐབས་མཇལ་འཕྲད་ཞུ་ཆོག་རྒྱུ་མིན་པའི་གནོན་ཤུགས་ཆེན་པོ་སྐྱོན་པ་དེར་ངོ་རྒོལ་གནང་ཡོད་ཅིང༌། སྲིད་བློན་མཆོག་གི་གནང་སྟངས་དེ་ནི། དབྱིན་ཡུལ་གྱིས་བོད་ཐོག་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་དེ་བཞིན་རྒྱ་ནག་གི་གང་བཤད་ཡིན་པ་ལྟ་བུའི་མཐོང་ཚུལ་ཡོང་གི་ཡོད་པའི་སྐོར་གསུངས་ཏེ། སྲིད་བློན་མཆོག་གིས་བཀོད་ཁྱབ་དེར་བློ་འཚབ་དང་འདོད་པ་མེད་པ་གསལ་བཏོན་ཆེད་སྙན་ཞུ་དེ་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་བཞིན་བློན་ཆེན་རྣམ་གཉིས་ནས།  དབྱིན་ཡུལ་གཞུང་གིས་གོང་དུ་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་འཆར་གཞིར་བཀའ་ཁྲོལ་གནང་ཡོད་རུང༌། སྐེད་མཚམས་དེར་ཕྱི་འབྲེལ་བློན་ཆེན་Jeremy Browne ཡིས་ཐེ་ཇུས་གནང་བ་དེ་ནི་ས་མཚམས་འགལ་བའི་ཐག་གཅོད་ནོར་འཁྲུལ་ཅན་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག། བློན་ཆེན་Baker ནི་Tibet Society ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པ་དང༌། བློན་ཆེན་གཞན་Loughton ཞུ་བ་དེའང་Tibet Society ཚོགས་མི་ཡིན་ནའང༌། ཁོང་ད་ལོ་ཕྱི་ཟླ་༩པའི་ནང་བློན་ཆེན་གྱི་མཚན་གནས་ནས་གནས་དབྱུངས་བཏང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org