སོག་པོ་ཆོས་ཞུ་བར་ཆོས་འབྲེལ་ལེགས་འགྲུབ།

༧གོང་ས་མཆོག་གིས་ལྡི་ལིར་སོག་པོ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་ཆོས་འབྲེལ་ལེགས་པར་འགྲུབ་གནང་མཛད་འདུག

༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སོག་པོ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་ཆོས་འབྲེལ་ལེགས་པར་འགྲུབ་གནང་མཛད་འདུག པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཇོ་ལེབ་ཆོས་འཕེལ།

༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སོག་པོ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་ཆོས་འབྲེལ་ལེགས་པར་འགྲུབ་གནང་མཛད་འདུག

དེ་ཡང་སོག་པོ་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༧གོང་ས་མཆོག་གིས་འདི་ཟླའི་ཚེས་༢ ནས་ཚེས་༤བར་གྱི་ཉིན་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་Kempinski གསོལ་མགྲོན་ཁང་དུ་སོག་རིགས་གཙོ་བོར་གྱུར་བའི་ཀོ་རི་ཡ་དང་། རྒྱ་ནག་སྐམ་ས་ཆེན་མོ་བཅས་ཁྱོན་རྒྱལ་ཁབ་༡༢ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ཡོན་ཏན་གཞིར་གྱུར་མ་དང་། ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་ལེགས་པར་འགྲུབ་འདུག

གསུང་ཆོས་ཀྱི་ཉིན་མཐའ་མའི་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་སྩལ་གནང་པ་དང་། དེའི་རྗེས་དད་ལྡན་སོག་པོའི་ཆོས་ཞུ་བ་རྣམས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་ བླ་མ་མཆོད་པའི་བདེ་སྟོང་དབྱེར་མེད་དང་འབྲེལ་བའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པ་རེད།

གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་དོན། སོག་པོ་དང་བོད་པའི་དབར་དད་པ་དང་དམ་ཚིག་དབྱེ་བ་མེད་པར་ལོ་རྒྱུས་ཐོག་ཡུན་རིང་ནས་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་པ་མ་ཟད།  ལྷག་པར་དུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ནི་སོག་པོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་ལ ཁོང་སོག་ཡུལ་དུ་ཕེབས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཆེན་པོ་ སོག་ཡུལ་དུ་དར་རྒྱས་ཤུགས་ཆེ་བྱུང་བར་བརྟེན་ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པར་བརྟེན་ད་རེས་དད་ལྡན་སོག་པོ་ཆོས་ཞུ་བ་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་གསུང་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org