རྒྱ་ནག་ནས་བོད་མིས་རང་ལུས་མེ་བསྲེགས་ཀྱི་འགྲེམས་སྟོན།
རྒྱ་རིགས་རི་མོ་མཁན་ཞིག་གིས་བོད་མིས་སྐུ་ལུས་མེ་མཆོད་ཕུལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་བསྟོན་གནང་མཁན་བོད་མི་ཚོའི་གདོང་རིས་བྲིས་ནས་འགྲེམས་སྟོན་གནང་བཞིན་པ་རེད་འདུག
-
2013-01-14 -
-
-
དེ་ཡང་ཨེ་པེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་གནས་བཞུཌ་རྒྱ་རིགས་སྒྱུ་རྩལ་བ་Liu Yi ཡིས་རྒྱ་ནག་གཞུང་གི་དྲག་གནོན་ཆེ་བའི་སྲིད་ཇུས་ལ་རང་ལུས་མེར་བསྲེཌ་ནས་ངོ་རྒོལ་རྔམ་སྟོན་གནང་མཁན་བོད་པའི་སྐྱེས་པ་དང་། བུད་མེད། ན་གཞོན་དང་རྒན་རབས་པ་དེ་བཞིན་གདོང་འཛུམ་གྱིས་ཁེངས་བ་དང་། འཛུམ་མེད་པ་སོགས་བོད་མི་ཁོང་ཚོའི་གདོང་རིས་བྲིས་གནང་སྟེ། རྒྱ་ནག་གི་རི་མོའི་འགྲེམས་སྟོན་ཁང་ནང་འགྲེམས་སྟོན་གནང་བཞིན་ཡོད་འདུག Liu Yi ཡིས་ཕྱི་ལོ་༢༠༠༩་ལོ་ནས་བཟུང་ད་བར་བོད་མི་བརྒྱ་ལ་ཉེ་བས་རང་ལུས་མེར་བསྲེཌ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་ཚོའི་རི་མོ་ཚོན་མདོག་དཀར་ནག་གིས་བྲིས་སྐབས་ཁོང་གིས་སྐུ་ལུས་མེ་མཆོད་འབུལ་མཚམས་འཇོག་དགོས་བ་འབོད་སྐུལ་ཞུས་ཡོད། ཁོང་གིས་ད་བར་སྐུ་ལུས་མེ་མཆོད་ཕུལ་མཁན་བོད་མི་༤༠་ཡི་རི་མོ་བྲིས་ཟིན་འདུག
དེ་བཞིན་ཡང་ཉི་ཧོང་གི་སྒྱུ་རྩལ་བ་Tomoyo Ihaya ཞུ་བས་ཀྱང་བོད་ཀྱི་བསྟན་པ་ཆབ་སྲིད་དང་བོད་མི་རིགས་ཀྱི་དོན་དུ་རང་གི་སྐུ་ལུས་མེ་མཆོད་ཕུལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་རྣམས་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ཁོང་རྣམས་མཚོན་པའི་རི་མོ་༥༠་ལྷག་བྲིས་པའི་འགྲེམས་སྟོན་ཞིག་བཞུཌ་སྒར་རྡ་རམ་ས་ལར་གནང་ཡོད་པ་རེད༎ མི་སྣ་དང་ཡུལ་ལྗོངས་ཀྱི་རི་མོ་བྲིས་མཁན་རྒྱ་རིགས་ཤིག་གིས་རྒྱ་མི་རིགས་ཚོས་། བོད་ནང་རང་ལུས་མེར་བསྲེག་གི་གནས་སྟངས་ཐོག་སེམས་ཁུར་བྱ་རྒྱུར་སྐུལ་མ་ཡོང་ཆེད་བོད་མི་རང་ལུས་མེར་བསྲེག་བཏང་གནང་མཁན་ཚོ་རེ་རེ་བཞིན་རི་མོའི་བྲིས་བཞིན་ཡོད་པ་དང་། ད་ལྟའི་ཆར་ཁོང་གིས་བོད་མི་རང་ལུས་མེར་བསྲེག་བཏང་གནང་མཁན་མི་གྲངས་༤༠ཙམ་གྱི་གཟུགས་བསྙན་ རི་མོ་བྲིས་ཟིན་ཡོད་པ་རེད་། རྒྱ་རིགས་རི་མོ་བྲིས་གནང་མཁན་ལིའུ་ཡིས་ནས་ཁོང་གིས་བོད་མི་རང་ལུས་མེར་བསྲེག་བཏང་བ་ཚོའི་གཟུགས་རིས བྲིས་གནང་བའི་སྐབས་སེམས་ནང་ད་དུང་མུ་མཐུད་ནས་རང་ལུས་མེར་བསྲེག་གཏོང་མཁན་མི་ཡོང་བའི་རེ་བ་གནང་བཞིན་རི་མོ་བྲིས་གནང་གི་ཡོད་པ་དང་། ཁོང་གིས་བོད་མི་རང་ལུས་མེར་བསྲེག་བཏང་མཁན་ཚོ་རི་མོ་བྲིས་གནང་ཏེ་དེ་ཚོ་རྒྱ་ནག་ནང་འགྲེམས་སྟོན་བྱ་ཐུབ་པའི་རེ་བ་མེད་ན་ཡང་རང་ངོས་ནས་བོད་མིའི་དངོས་ཡོད་དཀའ་གནད་ཐོག་སེམས་ཁུར་བྱས་པ་ཞིག་མཚོན་ཐུབ་པའི་རེ་བ་གནང་གི་ཡོད་ཅེས་བཤད་འདུག
རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཞུའུ་ཀྲེ་ཡུང་གིས། རྒྱ་ནག་ནང་གི་རྒྱ་མི་རིགས་ཁྲོད་བོད་མིའི་གནད་དོན་ཐོག་དང་། ལྷག་པར་དུ་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཐོག་བོད་མི་ཚོའི་གནས་སྟངས་ལ་བསམ་ཤེས་ཀྱིས་སྐད་ཆ་ཤོད་མཁན་ཉུང་ཉུང་ཡིན་པ་དང་། རི་མོ་བྲིས་གནང་མཁན་སྐུ་ཞབས་ལིའུ་ཡིས་ནི་རྒྱ་རིགས་ཉུང་ཤས་དེ་ཚོའི་གྲས་ཤིག་ཡིན་ཞིང་། རྒྱ་ནག་ནས་ལོ་ལྟར་རྒྱ་རིགས་འཕོན་ཆེ་བོད་ནང་ཡུལ་ཁོར་སྤྲོ་འཆམ་དུ་ཕྱིན་ནས་བོད་ཀྱི་རིག་གཞུང་དང་། དམིགས་བསལ་བོད་ཀྱི་རིག་གནས་དང་འབྲེལ་བའི་དགོན་སྡེ་སོགས་ནང་བསྐྱོད་པའི་སྐབས་སེམས་ཚོར་ཧ་ཅང་ཆེན་པོ་ཡོང་གི་ཡོད་པ་མ་ཟད་། ལྷག་པར་དུ་བོད་པའི་འབྲོག་པ་ཚོའི་རང་བཞིན་གྱི་འཚོ་གནས་བྱེད་སྟངས་ལ་ཡིད་སྨོན་བྱེད་མཁན་མང་པོ་ཡོད་ཀྱང་། རྒྱ་རིགས་མང་པོས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་བོད་ནང་དཔལ་འབྱོར་འཕེལ་རྒྱས་དང་། འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་སྐྲུན་ཡོད་པར་ བོད་མི་ཚོས་དགའ་གུས་བྱ་འོས་པའི་བསམ་ཚུལ་བརྗོད་ཀྱི་ཡོད་པ་ལས་དོན་དངོས་བོད་མི་ཚོའི་དཀའ་ངལ་ཐོག་བསམ་ཞིབ་བྱས་ནས་བོད་མི་ཚོའི་ཕྱོགས་ལ་བསམ་བློ་གཏོང་མཁན་མེད་པའི་གནས་སྟངས་དེར་སྐུ་ཞབས་ལིའི་ཡི་ལྟ་བུའི་རྒྱ་རིགས་ཁག་ཅིག་གིས་འགྱུར་ལྡོག་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་གསུང་འདུག