བོད་ནང་འབར་རྫས་སྣུམ་རིགས་ཚོང་འགྲེམས་ཐད་དམ་བསྒྲགས།
རྒྱ་ནག་གཞུང་གིས་བོད་ནང་བོད་མིས་མུ་མཐུད་རང་ལུས་མེར་སྲེགས་གཏོང་རྒྱུའི་དོགས་གཞིའི་འོག་ད་ཆ་ས་སྣུམ་སོགས་མེ་འབར་རྒྱུའི་དངོས་རྫས་རིགས་ཚོང་འགྲེམས་བྱེད་རྒྱུར་དམ་བསྒྲཌ་བྱེད་བིན་པ་རེད་འདུག
-
2012-11-06 -
-
-
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་དོན། རྒྱ་ནག་གཞུང་གིས་བོད་ནང་བོད་མིས་མུ་མཐུད་རང་ལུས་མེར་སྲེགས་གཏོང་རྒྱུའི་དོགས་གཞིའི་འོག་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་འཁྲིས་ཀྱི་ས་གནས་ཁག་ཏུ་ས་སྣུམ་དང་། གཞན་ཡང་མེ་འབར་སླ་བའི་དངོས་རྫས་རིགས་ཚོང་འགྲེམས་བྱེད་རྒྱུར་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་པ་དཔེར་ན། ཉེ་ཆར་ནས་བཟུང་སྙེ་མོ་ཁུལ་དུ་ས་སྣུམ་སོགས་ཉོ་བའི་སྐབས་ལས་ཁུངས་གཉིས་ནས་ཆོག་མཆན་ངོ་སྤྲོད་ཞུ་དགོས་ཀྱི་ཡོད་པ་དང་། མཐའ་ན་ཤེལ་དམ་སྟོང་པ་ཡན་ཆད་ཀྱང་འཁྱེར་རྒྱུར་དམ་བསྒྲཌ་བྱེད་བཞིན་ཡོད་འདུག ལྷག་པར་དུ་བོད་ཀྱི་ཨ་མདོ་གསང་ཆུ་ཁུལ་ཉེ་ཆར་བོད་མི་ལྔ་ཙམ་ནས་རང་ལུས་མེར་བསྲེགས་བཏང་ཡོད་སྟབས་ས་ཁུལ་དེ་དག་ནང་དམིགས་བསལ་དམ་བསྒྲཌ་ཀྱིས་དེང་སང་སློབ་གྲྭའི་ནང་གི་སློབ་ཕྲུག་ཚོ་ཡང་ཕྱི་ཕྱོགས་སུ་འགྲོ་མི་ཆོག་པ་དང་། སློབ་གྲྭ་ནས་ཆུ་ཚོད་འགའ་ཤས་ལས་དགུང་སེང་མ་སྤྲད་པར་སློབ་གྲྭ་དེ་དག་ཀྱང་བཙོན་ཁང་ཆུང་ཆུང་ཞིག་གི་རྣམ་པར་འགྱུར་ཡོད་ལུགས་ངོ་སྤྲོད་བྱས་ཡོད་འདུག
དེ་བཞིན་ཁུལ་དེ་དག་གི་ནང་དུའང་ས་སྣུམ་དང་མེ་འབར་སླ་བའི་རིགས་ཚོང་འགྲེམས་བྱེད་རྒྱུར་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་འདུག དེ་དང་ཕྱོགས་མཚུངས་ས་ཁུལ་དེ་དག་གི་ནང་ཚོང་ཁང་གསུམ་ནང་དྲ་རྒྱ་དང་། ལག་འཁྱེར་ཁ་པར་གྱི་བྱང་བུ་བརྒྱུད་ལམ་གྱི་འཕྲུལ་རིགས་སོགས་ཀྱང་ཚོང་རྒྱུ་མཚམས་འཇོག་དགོས་པའི་དམ་བསྒྲཌ་བྱས་ཡོད་པ་བཅས་བོད་མདོ་དབུས་ཁམས་གསུམ་གྱི་ནང་ད་ཆ་བོད་མི་ཚོའི་ཐོག་རྒྱ་ནག་གཞུང་ནས་དམ་བསྒྲཌ་ཇེ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད་འདུག གསང་ཆུ་ཁུལ་ཉེ་ཆར་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ནས་ཉི་ཤུ་དྲུག་བར་ལྷ་མོ་སྐྱབས་དང་། དོན་གྲུབ། རྡོ་རྗེ་རིན་ཆེན། ལྷ་མོ་ཚེ་བརྟན། ཐུབ་དབང་སྐྱབས་བཅས་ནས་གཅིག་མཇུག་གཉིས་མཐུད་ཀྱིས་བོད་ལ་རང་དབང་དགོས། ༧གོང་ས་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་བ་སོགས་ཀྱི་འབོད་སྒྲ་སྒྲོགས་ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཀན་ལྷོ་ཁུལ་གྱི་གཙོས་ས་ཁུལ་དུའང་བོད་མི་གཉིས་ཀྱི་རང་ལུས་མེར་བསྲེགས་བཏང་བའི་རྐྱེན་གྱིས་དམ་བསྒྲཌ་ཤུགས་ཆེ་བྱེད་ཀྱི་ཡོད་འདུག