ཆབ་སྲིད་བསྒྱུར་བཅོས་གཏོང་དགོས་ངེས་ཆགས་རྒྱུ་ཡིན་གསུངས།

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་གསར་འགོད་པའི་དྲི་བར་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་མ་འོངས་ཆབ་སྲིད་ཀྱི་བསྒྱུར་བཅོས་གཏོང་དགོས་ངེས་ཤིག་ཆགས་རྒྱུ་ཡིན་ལུགས་གསུངས་འདུག

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་དུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱངས་གནང་བཞིན་ཡོད་པ་ནས་ཁ་སང་གྲོང་ཁྱེར་ཡོ་གོ་ཧ་མའི་ནང་གསར་འགོད་པ་ཚོའི་བཅར་འདྲི་དང་ལེན་སྐབས། ད་ཆ་ཧུ་ཅིན་ཐོའོ་ལས་དུས་རྫོགས་ཟིན་པ་དང་། རིང་མིན་ཞི་ཅིན་པིང་སྲིད་འཛིན་དུ་ཡོང་གི་ཡོད་པ་རེད། ཧུ་ཇིན་ཏོའི་དུས་ཡུན་རིང་སྤྱི་ཚོགས་བརྟན་ལྷིང་དང་། འཆམ་མཐུན་བཟོ་ཐབས་བྱས་ཡོད་རེད། འོན་ཀྱང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དེ་དག་ཉུང་དུ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དོན་དམ་པའི་སྤྱི་ཚོགས་ལྷིང་འཇགས་ཡོང་བར་བྱེད་པ་ལ་ཕྱི་གསལ་ནང་གསལ་དང་། གསར་འགྱུར་བཀོད་ཕྱོགས་ལ་དམ་བསྒྲཌ་མེད་པ་བཅས་ཀྱི་ལམ་ལུགས་ལག་ལེན་འཁེལ་དགོས་ངེས་ཤིག་ཆགས་ཀྱི་ཡོད་པ་རེད་ཅེས་དང་། གང་ལྟར་རིང་མིན་རྒྱ་ནག་གི་འགོ་ཁྲིད་གསར་པའི་ཐོག་ནས་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་ངེས་ཤིག་ཀྱང་ཆགས་ཀྱི་རེད་ཅེས་གསུངས་འདུག

ཡང་གོང་ས་མཆོག་ལ་ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་སུ་དགོངས་ཚུལ་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ཉི་ཧོང་དང་རྒྱ་ནག་གཉིས་ཀ་གཅིག་ལ་གཅིག་བརྟེན་བྱེད་དགོས་ཀྱི་ཡོད་པ་ཞིག་ཡིན་པ་དང་། ཕན་ཚུན་གཉིས་ཀས་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་པ་ལས་གནད་དོན་ཆུང་རྩག་རིགས་ཀྱིས་རྙོག་དྲ་ཡོང་གཞི་བཟོ་རྒྱུ་ཡོད་མ་རེད། རྩ་བའི་འཁོན་འཁྲུགས་ཀྱི་རྒྱུ་མཚན་གཅིག་ནི་རྒྱ་ནག་མི་མང་ཚོས་ཉི་ཧོང་གི་དེ་སྔ་དམག་འཁྲུག་སྐབས་ཀྱི་ལོ་རྒྱུས་གཅིག་པུ་ལས་གནས་ཚུལ་གསལ་པོ་དང་ཆ་ཚང་བ་ཞིག་མ་ཤེས་པའི་ཐོག་ནས་འཁོན་འཛིན་ཡོང་གི་ཡོད་རེད་ཅེས་བཀའ་གནང་ཡོད་འདུག ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉིན་གྲངས་བཅུ་ལྷག་ཙམ་ཞིག་ཉི་ཧོང་ཁུལ་མཛད་འཕྲིན་བསྐྱངས་གནང་འཆར་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org