ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ།

མིག་ལོང་བ་ཡིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིན་ཀོང་ཁྲིན་ལ་ཨ་རིའི་གྲོས་ཚོགས་ཀྱི་༢༠༡༢ལོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཕུལ་ཡོད་པ་རེད་འདུག

དེ་ཡང་ཚེས་༢༩ཉིན་བྱ་དགའ་འབུལ་བཞེས་མཛད་སྒོ་ཨ་རིའི་གྲོས་ཚོགས་སུ་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཁྲིན་ཀོང་ཁྲིན་གྱིས་གཏམ་བཤད་དེ་བཞིན་དབྱིན་ཡིག་ཐོག་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་Richard Gere ཡིས་སྒྲོག་སྦྱང་གནང་ཡོད་པ་རེད་།    ཁྲིན་ཀོང་ཁྲིན་གྱིས་གཏམ་བཤད་ནང་།  རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་ལྡོག་ངེས་པར་འགྲོ་རྒྱུ་ཡིན་པར་བརྟེན་ཨ་རི་དང་། དེ་མིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཕམ་ཁུར་ནས་འགྲིག་ཐབས་གནང་རྒྱུ་མེད་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད། ད་ལོ་ལོ་༤༡ལ་ཕེབས་ཀྱི་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིན་ཀོང་ཁྲིན་གྱིས་དུས་ཡུན་རིང་པོའི་ནང་རྒྱ་ནག་ཧྲན་ཏུང་ཁུལ་དུ་གཞུང་ཕྱོགས་ནས་བཙན་དབང་ཐོག་བེུད་ཀྱི་མངལ་ལས་ཕྲུ་གུ་བཏོན་བཅུག་པ་དང་།  སྐྱེས་སྒོ་བཀག་པ་སོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་ནས་བཙོན་འཇུག་བྱང་མྱོང་བ་རེད། ན་ནིང་ཕྱི་ཟླ་བཞི་པའི་ནང་བཟང་བཙོན་འོག་ནས་གཞན་གྱི་རོགས་རམ་འོག་བྲོས་བྱོལ་གྱིས་པེ་ཅིན་ལ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་ཐུབ་ཡོད་པ་དང་། དེ་རྗེས་ཨ་རིའི་ནང་སླེབས་ནས་དེང་སྐབས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བཞུགས་ཀྱི་ཡོད་པ་རེད་གོང་གི་ལན་ཐོའོ་སེ་འགྲོ་བ་མིའི་ཐོབ་ཐང་གི་ཐེབས་རྩའི་བྱ་དགའ་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་ཁྲམ་ལན་ཐོའོ་སི་དམ་པ་དེ་ཉིད་ཀྱི་མཚན་ཐོག་ནས་ཕྱི་ལོ་ཉིས་སྟོང་དགུ་ལོར་ཐོག་མ་སྤྲད་པ་དང་། བྱ་དགའ་ཐོག་མ་དེ་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org