ཡེ་ཤུའི་ཆོས་དཔོན་ཀྲུ་ཀྲུ་ཡིས་ཐུཌ་ཕམ་གནང་བ།
ལྷོ་ཨཕ་རི་ཀའི་གཞུང་གིས་༸གོང་ས་མཆོག་གི་ཐོངས་མཚན་ཕྱག་ཁྱེར་འབུལ་རྒྱུར་ནར་འགྱངས་བྱེད་པ་དེར་ཡི་ཤུའི་ཆོས་དཔོན་ཊུཊུ་ནས་ཐུགས་ཕམ།
-
2011-09-30 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཨཕ་རི་ཀའི་གཞུང་གིས་ཐོངས་མཆན་ཕྱག་འཁྱེར་འབུལ་རྒྱུར་ནར་འགྱངས་བྱེད་ཀྱི་ཡོད་པར་ ཡེ་ཤུའི་ཆོས་དཔོན་ ཌེས་མན་ཌ་ ཊུ་ཊུ་ ཡིས་ཐུགས་ཕམ་ཆེན་པོ་གནང་འདུག
ཆོས་དཔོན་ ཊུ་ཊུ་ ཡིས་ ལྷོ་ཨཕ་རི་ཀའི་གཞུང་གིས་ཕྱི་ཕྱོགས་ནས་སྐྱོན་བརྗོད་མི་ཡོང་བའི་དོན་དུ། ༧གོང་ས་མཆོག་ལ་ཐོངས་མཆན་འབུལ་དང་མ་འབུལ་གྱི་ཐག་གཅོད་གསལ་བསྒྲགས་ཆེད་མངགས་དུས་འགྱངས་གནང་གི་མེད་ནམ་སྙམ་པའི་ཚོད་དཔག་གནང་སྟེ། ཁོང་གི་འཁྲུངས་སྐར་གྱི་ཕྱག་རྟགས་དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕེབས་མ་ཐུབ་པ་དེ་རེད་དགོངས་ཀྱི་འདུག་ཅེས་གསུངས་བཞག། ཡང་ ཊུ་ཊུ་མཆོག་གིས་བདུན་རེའི་གསར་དེབ་མེལ་ཨེནྜ་སྒར་ཌེན་ལ། ལྷོ་ཨཕ་རི་ཀའི་གཞུང་གིས་ཕལ་ཆེར་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་བཟོ་ལྟ་མེད་པ་དང༌། གལ་ཏེ་ཕུལ་ཡག་ཡིན་ན་ད་ཚོད་ཕུལ་ཟིན་པ་དགོས་ཀྱི་རེད། ཁོང་ཚོས་ཆེད་མངགས་གོར་འགྱངས་བྱས་ནས་མང་ཚོགས་ནས་གཞུང་ལ་སྐྱོན་བརྗོད་བྱེད་ཡག་གི་དུས་ཚོད་ཐུང་ཐུང་མ་གཏོགས་མེད་པ་བཟོ་གི་ཡོད་རེད། དེ་ནི་ཧ་ཅང་སེམས་སྐྱོ་བའི་བྱ་སྤྱོད་ཅིག་རེད་ཅེས་འགྲེལ་བརྗོད་གནང་སྟེ། མཐའ་མ་༧གོང་ས་མཆོག་ལྷོ་ཨཕ་རི་ཀར་ཕེབས་ཐུབ་པའི་ཐུགས་རེ་ད་དུང་ཡང་གནང་གི་ཡོད་སྐོར་གསུངས་འདུག།
ཐོག་མའི་འཆར་གཞི་ལྟར་བྱས་ན། ཡེ་ཤུའི་ཆོས་དཔོན་ ཊུ་ཊུ་ མཆོག་གུང་གྲངས་༨༠ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཉིན་གསུམ་རིང་གནང་རྒྱུ་ཡིན་པ་དེ་བཞིན་ཕྱི་ཟླ་༡༠པའི་ཚེས་༧ཉིན་དབུ་འཛུགས་ཀྱིས་། མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་ཕུལ་ཡོད་པ་རེད།
རྒྱ་ནག་ནི་ལྷོ་ཨཕ་རི་ཀའི་ཚོང་བཞག་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པར་བརྟེན། ལྷོ་ཨཕ་རི་ཀའི་གཞུང་གིས་རྒྱ་ནག་ལ་ཁོང་ཁྲོ་སློང་རྒྱུའི་འདོད་པ་མེད་པ་ནི་གསལ་པོ་རེད་ཅེས། རྒྱ་ནག་ཐོག་ཉམ་ཞིབ་བསྟི་གནས་ཁང་གི་ཉམ་ཞིབ་པ་་ མེ་ཐའུ་ མེཀ་ཌོ་ནལ་ ཡིས་དཔྱད་པ་གནང་འདུག།
མ་ལག་པས་། ལྷོ་ཨཕ་རི་ཀའི་སྲིད་འཛིན་གཞོན་པ་དེང་སྐབས་རྒྱ་ནག་ལ་གཟིགས་སྐོར་གནང་བཞིན་ཡོད་ནའང༌། ཡུལ་དེའི་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་མགྲིན་ཚབ་པ་་ཀེལེ་སོན་ མོན་ཡེལ་་ གྱིས་ལྷོ་ཨཕ་རི་ཀའི་སྲིད་འཛིན་གཞོན་པ་རྒྱ་ནག་ལ་གཟིགས་སྐོར་གནང་བ་དང་། ༧གོང་ས་མཆོག་ལ་ཐོངས་མཆན་ཕྱག་འཁྱེར་མ་ཕུལ་བ་གཉིས་དབར་འབྲེལ་བ་མེད་སྐོར་བརྗོད་དེ་ཁོང་གི་སྲིད་གཞུང་ཐོག་རྒྱ་ནག་གིས་གནོན་ཤུགས་སྤྲོད་བཞིན་པའི་དོགས་པ་བྱེད་དགོས་དོན་མེད་སྐོར་འགྲེལ་བརྗོད་བྱས་འདུག།