རྒྱ་རིགས་མཉམ་ཞུགས་བྱེད་མི་ཆོག་པ།
ཨ་རིའི་ནང་སྐོང་ཚོགས་གནང་རྒྱུའི་ཚན་རིག་གི་ལྷན་ཚོགས་ནང་རྒྱ་རིགས་མཉམ་ཞུགས་བྱེད་དུ་མི་འཇུག་རྒྱུ་བྱས་བ་ནི་རྒྱ་རིགས་དབྱེ་འབྱེད་བྱས་པ་ཡིན་ལུགས་སྐྱོན་བརྗོད་བྱས་འདུག
-
2013-10-09 -
-
-
ཨ་རིའི་ནང་སྐོང་ཚོགས་གནང་རྒྱུའི་ཚན་རིག་གི་ལྷན་ཚོགས་ནང་རྒྱ་རིགས་མཉམ་ཞུགས་བྱེད་དུ་མི་འཇུག་རྒྱུ་བྱས་བ་ནི་རྒྱ་རིགས་དབྱེ་འབྱེད་བྱས་པ་ཡིན་ལུགས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་། མཁའ་དབྱིངས་ལས་དོན་ལྷན་ཁང་ནས་རིང་མིན་ཕྱི་ཟླ་༡༡པའི་ནང་། ཨ་རིའི་མངའ་སྡེ་California ནང་རྟེན་གཞི་བྱས་པའི་Ames ཞིབ་འཇུག་ལྟེ་གནས་ཁང་དུ་ Kepler ཞེས་པའི་ཚན་རིག་གི་ལྷན་ཚོགས་ཐེངས་གཉིས་པ་དེ་གོ་སྒྲིག་ཞུ་ཡི་ཡོད་པ་དང་། ཚན་རིག་གི་ལྷན་ཚོགས་དེའི་ནང་རྒྱ་རིགས་ཚན་རིག་པ་མཉམ་བཞུགས་བྱེད་དུ་འཇུག་རྒྱུ་མིན་པའི་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད། ཚན་རིག་གི་ལྷན་ཚོགས་ནང་ རྒྱ་རིགས་མཉམ་བཞུགས་བྱེད་མི་ཆོག་པ་དེ་༢༠༡༡ལོར་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བ་དང་། སྲིད་འཛིན་Obama མཆོག་གིས་ཁྲིམས་ཐོག་མཚན་རྟགས་བཀོད་པའི་ཁྲིམས་ཡིག་གཞིར་བཟུང་ཐག་གཅོད་བྱས་པ་ཞིག་ཡིན་འདུག གནས་ཚུལ་ནང་གསལ་ལྟར་ན། ཁྲིམས་ཡིག་དེའི་ནང་ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་མཁའ་དབྱིངས་ལས་དོན་ལྷན་ཁང་གི་དངུལ་རྩིས་ནང་། རྒྱ་ནག་གཞུང་དང་ཡང་ན་རྒྱ་ནག་གི་བདག་བཟུང་བྱས་པའི་བཟོ་ཚོང་ལས་ཁང་གང་རུང་མཉམ་ཟུང་འབྲེལ་གྱི་ལས་དོན་སྤེལ་མི་ཆོག་པ་མ་ཟད། ཨ་རིའི་མཁའ་འགྲུལ་དང་། མཁའ་དབྱིངས་ལས་དོན་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་མ་ལག་ལས་ཁུངས་བཅས་པར་རྒྱ་རིགས་མི་སྣ་གཟིགས་སྐོར་དུ་ཡང་བསྐྱོད་མི་ཆོག་པ་གསལ་ཡོད་པ་རེད་། ཚེས་༩ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་སྐབས། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་་Hua Chunying ཟེར་བས་ཨ་རིའི་རྒྱལ་ཡོངས་མཁའ་འགྲུལ་དང་མཁའ་དབྱིངས་ལས་དོན་ལྷན་ཁང་ནས་ ཚན་རིག་གི་ལྷན་ཚོགས་ནང་རྒྱ་རིགས་བཀག་འགོག་བྱས་པའི་གནས་ཚུལ་ཤེས་རྟོགས་ཡོད། ཐག་གཅོད་དེ་བཞིན་མི་རིཌ་དབྱེ་འབྱེད་ཡིན་པ་མ་ཟད། ཤེས་ཡོན་སློབ་གསོའི་ལས་དོན་ཞིག་ཆབ་སྲིད་ཀྱི་གནད་དོན་ལ་བསྒྱུར་ན་མི་འགྲིགས་པ་སོགས་སྐྱོན་བརྗོད་བྱས་འདུག