སྲིད་སྐྱོང་མཆོག་གིས་བོད་མི་ཚོས་རྒྱ་གར་ལ་ལོ་བརྒྱ་ཕྲག་གཉིས་ཀྱི་རྗེས་སུ་རང་བཙན་ཐོབ་པའི་ཉམས་མྱོང་ཁྲོད་བསླབ་བྱ་བླངས་ཏེ། སེམས་ཤུགས་མ་ཆག་པར་མུ་མཐུད་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་སོང་།

རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་གྱི་འོག་ནས་རང་དབང་རང་བཙན་ཐོབ་ཏེ་མི་ལོ་ཧྲིལ་བོ་ ༧༨ འཁོར་བ།

བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུ་བཞིན་པ། ༢༠༢༤།༠༨།༡༥ ཉིན། RFA/ Tenzin Woeser

* གནས་ཚུལ་ཁ་སྣོན།

ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༡༥ ཉིན་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་གྱི་འོག་ནས་རང་དབང་རང་བཙན་ཐོབ་སྟེ་མི་ལོ་ཧྲིལ་བོ་ ༧༨ འཁོར་བར། བཙན་བྱོལ་བོད་མི་ཕལ་ཆེ་བ་གནས་ཡུལ་རྒྱ་གར་རྒྱལ་ཡོངས་སུ་དུས་དྲན་སྲུང་བརྩི་གནང་གི་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གངས་སྐྱིད་དུ་ལྷན་འཛོམས་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་རྒྱ་གར་འཕགས་ཡུལ་གྱི་རྒྱལ་གླུའི་དབྱངས་དང་སྒྲོག་བཞིན་རྒྱ་གར་རྒྱལ་དར་བསྒྲེང་འཛུགས་ཀྱིས་དུས་དྲན་སྲུང་བརྩི་གནང་བ་བརྒྱུད། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མི་ཚོ་ལོ་རྒྱུས་ཐོག་ཉམས་དམའ་བའི་དུས་སུ། རྒྱ་གར་གཞུང་མང་གཉིས་ཀྱིས་བཀའ་དྲིན་ཆེན་པོས་བསྐྱངས་པར་བཀའ་དྲིན་དྲན་གསོ་དང་འབྲེལ། བོད་ནང་གི་བོད་མི་ཚོས་རྒྱ་གར་རང་བཙན་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་སུ་དབྱིན་ཇིའི་འོག་ནས་ཐོབ་པའི་ཉམས་མྱོང་གི་བསླབ་བྱ་བླང་རྒྱུ་དང་། སེམས་ཤུགས་མ་ཆག་པར་མུ་མཐུད་འབད་བརྩོན་གནང་དགོས་གལ་ཆེ་བ་ཡིན་ཞེས་འབོད་སྐུལ་གནང་གི་འདུག

ཡང་སྲིད་སྐྱོང་མཆོག་ནས་རྒྱ་གར་གཞུང་དང་མང་ཚོགས་ཀྱིས་༸གོང་ས་མཆོག་གཙོས་པའི་བོད་མི་ཚོར་ཟ་འཐུང་དང་སྡོད་ས། ལྷག་པར་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་བོད་པའི་སྐད་ཡིག་དང་ཆོས་རིག་སློབ་སྦྱོང་གི་གོ་སྐབས་བསྐྲུན་པ། བོད་ནང་གཏོར་བཅོམ་ཤུགས་ཆེ་ཐེབས་པའི་དགོན་སྡེ་ཁག་བཙན་བྱོལ་དུ་ཉམས་གསོ་ཐུབ་པ་སོགས་ཚང་མ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡོང་གི་ཡོད་པས། རྒྱ་གར་རང་བཙན་ཉིན་མོར་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་གནང་སོང་།

གཞན་ཡང་ཁོང་གིས་ལོ་རྒྱུས་ཀྱི་གནས་བབ་དང་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་རྟག་པ་བརྟན་པ་མེད་པར་འགྱུར་བ་འགྲོ་ངེས་ཀྱི་ཀུན་སློང་གི་འོག་ནས། རྒྱལ་སྤྱིའི་ནང་བོད་དོན་གོ་རྟོགས་སྤེལ་བ་དང་བོད་དོན་རྒྱབ་སྐྱོར་བཙལ་ཏེ་བོད་རྒྱའི་དཀའ་རྙོག་སེལ་བའི་གནས་བབ་གང་ཐུབ་འབད་བརྩོན་མུ་མཐུད་ཞུ་བཞིན་ཡོད་པ་སོགས་གསལ་སྟོན་གནང་གི་འདུག

རྒྱ་གར་འཕགས་པའི་ཡུལ་གྱི་ས་ཁོངས་སུ་སྤྱི་ལོ་ ༡༧༥༧ ལོ་ནས་དབྱིན་ཇིའི་མི་སེལ་སྤེལ་གྱི་དབང་སྒྱུར་འགོ་བཙུགས་ཡོད་ནའང་། སྤྱི་ལོའི་དུས་རབས་ཉི་ཤུའི་ནང་རྒྱ་གར་གྱི་བདག་ཉིད་ཆེན་མོ་གྷན་ངྷི་ནས་སྣེ་ཁྲིད་གནང་སྟེ། འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྣ་མང་སྤེལ་བ་བརྒྱུད། སྤྱི་ལོ་ ༡༩༤༧ ལོར་དབྱིན་ཇིའི་རྒྱ་གར་གྱི་སྲིད་སྐྱོང་ཐ་མ་ Lord Mountbatten ལགས་ཀྱི་ཕྱག་ནས་རྒྱ་གར་མི་མང་ལ་རྒྱ་གར་གྱི་རང་དབང་རང་བཙན་རྩིས་འབུལ་གནང་ཡོད་པ་རེད།

སྤྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་ད་ཆ་ལོ་ངོ་༦༥འདས་ཟིན་ཡོད་པས། རྒྱ་གར་དང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཁག་ལ་མཚུངས་བསྡུར་ཞུས་པ་ཡིན་ན། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ་བཞིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ཐོག་ནས་བོད་རྒྱ་མཉམ་གནས་ཀྱི་ཐབས་ལམ་འཚོལ་སྒྲུབ་མཛད་གནང་བཞིན་ཡོད་པ་རེད།
བོད་ནང་བོད་མི་མང་པོས་རང་སྲོག་ཚུན་བློས་གཏོང་གིས་བོད་དོན་ཆེད་ལས་འགུལ་བསྟུད་མར་སྤེལ་བའི་ཁྲོད། བོད་ཀྱི་རྒྱལ་ས་ལྷ་སར་༡༩༨༧ནས་བཟུང་གྲྭ་བཙུན་གཙོས་སེར་སྐྱ་ཕོ་མོ་རྣམས་ཀྱིས་ཞི་བའི་སྒེར་ལངས་བྱས་ཏེ་རྒྱ་ནག་གི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཤིང་། ༢༠༠༨ལོར་སླར་ཡང་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་ས་བྱི་ཞི་རྒོལ་ཆེན་མོ་སྤེལ་སྐབས་རྒྱ་ནག་གཞུང་གིས་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་སོགས་བྱས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་སྙན་ཐོ་ལྟར་ན། སྐབས་དེར་རྒྱ་ནག་གི་དྲག་པོའི་བཙན་གནོན་འོག་བོད་མི་༢༢༧རྐྱེན་ལམ་དུ་སོང་ཡོད་པ་གསལ་སྟོན་གནང་འདུག་ལ། ད་བར་བོད་ནང་བོད་དོན་ཆེད་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་མི་གྲངས་༡༥༧ ཙམ་བྱུང་ཡོད་པ་རེད།
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉམས་ཞིབ་བྱས་བའི་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་བསྡུའི་གཞི་གྲངས་དེའི་ནང་ཕྱི་ལོ་༡༩༩༠ ལོ་ནས་བཟུང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཁྱོན་༥༦༢༨ཡོད་པ་བཀོད་འདུག

གསར་འགོད་པ། བློ་བྷེ། བསྟན་འཛིན་དཔལ་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org