ཁེ་ཎ་ཌའི་ནང་བོད་མི་ཚོས་གོམ་བགྲོད་དང་སྐད་འབོད་ཀྱི་ལམ་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་འདུག
ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་གོམ་བགྲོད་དང་སྐད་འབོད་ཀྱི་ལམ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་གནང་འདུག
- 2025-03-10
-
-
-
དེ་ཡང་འཛམ་གླིང་གི་ཡུལ་ལུང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལམ་ནས་སྲུང་བརྩི་ཞུ་བཞིན་པ་ལྟར། སྤྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོ་ནང་གི་ཨོན་ཏྲེ་རི་ཏོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བུད་མེད་ལྷན་ཚོགས། ས་གནས་གཞོན་ནུ་ལྷན་ཚོགས། ཁེ་ཎ་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་ཆུ་བཞི་སྒང་དྲུག་ཚོགས་པ་བཅས་ལྔ་ནས་མཉམ་རུབ་ཀྱི་གོ་སྒྲིག་འོག་ (Masaryk Park) མདུན་ནས་རྒྱ་ནག་གཞུང་གི་གཞུང་ཚབ་ཡན་ལག་ལས་ཁུངས་བར་དུ་ཞི་བའི་གོམ་བགྲོད་དང་། རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་ནས་བོད་པའི་ཆོས་དང་རིག་གཞུང་། མི་རིགས། སྐད་ཡིག་བཅས་རྩ་གཏོར་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་རྒྱ་ནག་གི་སྲིད་བྱུས་ལ་ས་གནས་བོད་རིགས་མི་བརྒྱ་ཕྲག་ཁ་ཤས་ལྷན་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གླང་དཀར་བསོད་ནམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ནས་བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་འོག་རྒྱལ་སྤྱིའི་གཞུང་དང་ཁེ་ཎ་ཌ་གཞུང་བཅས་ལ་རྒྱབ་སྐྱོར་སྔར་ལས་ལྷག་པ་འཚོལ་ཐབས་སྔར་བས་རྒྱུན་འཁྱོངས་གནང་གལ་ཆེ་བ་ངོ་སྤྲོད་གནང་བྱུང་།
(Masaryk Park) མདུན་དུ་ཚོགས་པ་ཁག་གི་སྐུ་ཚབ་ཚོས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་བ་དང་སྦྲགས་ཁེ་ན་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ནང་གི་བོད་ཕྲུག་རྣམས་ལ་རང་གི་སྐད་ཡིག་སྦྱོང་རྒྱུའི་ཐད་རྒྱ་ནག་གིས་བཀག་འགོག་དང་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་ཐད་གཏམ་བརྗོད་འཁྲབ་ནས་གོ་རྟོགས་སྤེལ་ཐབས་བྱས་ཡོད་པ་རེད།
འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་ནང་དུ་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་ཞི་བའི་གོམ་བགྲོད་དང་ལས་འགུལ་ནང་ཆ་ཤས་བླངས་ཡོད་པ་དང་། དེ་ནི་གཞོན་སྐྱེས་ཚོས་བོད་དོན་ལ་སྔར་ལས་ལྷག་པའི་དོ་སྣང་དང་འགན་འཁུར་བླངས་བ་ཡིན་པས་དེས་བོད་དོན་བདེན་མཐའ་མ་སེལ་གྱི་བར་དུ་བོད་མི་ཚོས་ལས་འགུལ་སྤེལ་རྒྱུ་ཡིན་པ་ཆབ་སྲིད་འབྲེལ་མཐུད་པ་རྣམ་རྒྱལ་དབང་མོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ལས་འགུལ་བ་ཚོས་ཞི་བའི་གོམ་བགྲོད་གནས་ཞོར་ (St. George) རུ་ཡོད་པའི་རྒྱ་ནག་གཞུང་གི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་སླེབས་རྗེས། ཁེ་ཎ་ཌ་དབུས་གྲོས་ཚོགས་ཀྱི་འཐུས་མི་དང་འཐུས་མི་ཟུར་པ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་གི་སྐུ་ཚབ་བཅས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་དང་སྐད་འབོད་གནང་ཡོད་པ་རེད།
དེ་བཞིན་ཀྲོ་རོན་ཀྲོ་ས་གནས་ཚོགས་པ་ཁག་ལྔ་ཡི་གོ་སྒྲིག་འོག་ཀྲོ་རོན་ཀྲོ་ས་གནས་ནས་བོད་མི་ལྔ་བཅུ་ལྷག་ཁེ་ཎ་ཌའི་རྒྱལ་སའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཁེ་ན་ཌ་བོད་དོན་ལྷན་ཚོགས། དེ་བཞིན་མོན་ཁྲེ་རོའོ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་ལས་འགུལ་ལ་མཉམ་ཞུགས་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་ཀྲོ་རོན་ཀྲོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སན་ནེ་བསོད་ནམས་ལགས་ཀྱིས་གསུངས་བྱུང་།
ཁེ་ཎ་ཌའི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ དེ་བཞིན་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཨོ་ཊ་ཝ་ (Ottawa) དང་། ཝེན་ཁུ་ཝར་(Vencouver) ཁེལ་གྷ་རེ་(Calgary)་བཅས་སུ་ཡང་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུ་བཞིན་པ་རེད།།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།