མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟུར་ཚོགས་སུ་སུད་སི་སྐུ་ཚབ་དོན་གཅོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༨ ཀྱི་ཟུར་ཚོགས་སུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་གཞི་རྩའི་རང་དབང་སྲུང་སྐྱོབ་ཐད་དོ་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག
- 2025-03-20
-
-
-
Your browser doesn’t support HTML5 audio
ཟླ་ ༢ ཚེས་ ༢༤ ནས་འགོ་འཛུགས་ཀྱིས་ ཟླ་ ༤ ཚེས་ ༤ བར་འཚོག་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༥༨ ཐོག འཇིག་ལ་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ (Society for Threatened Peoples) ཀྱི་ཟུར་ཚོགས་གལ་ཆེན་ཞིག་འཚོག་བཞིན་པའི་སྐབས་དང་བསྟུན། འདི་ཚེས་ ༡༨ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཟུར་ཚོགས་དེར་ལྷན་བཞུགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ཆོས་དང་རིག་གཞུང་རྩ་མེད་དང་། ཁོར་ཡུག་གཏོར་སྐྱོན་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གསལ་སྟོན་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་གཞི་རྩའི་རང་དབང་སྲུང་སྐྱོབ་ཐད་དོ་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་སྐོར། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ཁོང་ནས་ཟུར་ཚོགས་དེའི་ཐོག་མཉམ་བཞུགས་གནང་བའི་རྒྱ་ནག་གཙོས་པའི་རྒྱལ་ཁབ་ཁག་མི་འདྲ་བ་ ༡༣ ལྷག་གི་སྐུ་ཚབ་རྣམས་ལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ (Voice for the Voiceless) ནང་གི་ལེའུ་གལ་ཆེན་ཁག་གཅིག་ལས། ལེའུ་ ༡༥ སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། ལེའུ་ ༡༦ སྟེ་མགོན་པོ་མཆོག་གིས་རྒྱ་རིགས་རྣམས་ལ་རེ་འདུན་ཞེས་པའི་སྐོར་འགྲེལ་བརྗོད་གནང་རྒྱུའི་གོ་སྐབས་བྱུང་ཞེས་དང་། སྐབས་དེར་རྒྱ་ནག་གཙོས་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ནས་དེར་དོ་སྣང་ཆེན་པོ་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་གི་འདུག
འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུངས་དོན་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་དེ་ནི་རྒྱ་ཁབ་ཁག་ ༡༩༣ ལྷག་ཙམ་མཉམ་བཞུགས་ཡོད་པའི་རྒྱལ་སྤྱིའི་སྡིངས་ཆ་ཞིག་ཡིན་པས། ཁོང་རྣམས་ནས་དུས་ནམ་བྱུང་ཚེ་རང་ནུས་གང་ལྕོགས་ཀྱིས་བོད་ཀྱི་གནད་དོན་ཐད་གླེང་སློང་དང་ཞུ་གཏུག་གནང་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༥༨ ཐོག་བོད་པ་དང་། ཡུ་གུར་བ། ཆོས་འཁོར་སྒོམ་སྒྲུབ་པ། རྒྱ་ནག་གི་ཡེ་ཤུ་ཆོས་ལུགས་པ་སོགས་རྒྱལ་ཁབ་ ༡༣ ལྷག་གི་སྐུ་ཚབ་ནས་ལྷན་བཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།