འབོ་ར་ཤང་བོ་ར་དགོན་པའི་ཉེ་འགྲམ་དུ་རང་ལུས་མེ་སྲེག
བོད་ནང་ནས་སླར་ཡང་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད་པ།
-
2012-10-20 -
-
-
༄༅༎བོད་ནང་ནས་སླར་ཡང་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད་འདུག་
བོད་ནང་རྒྱ་གཞུང་གིས་དབྱེ་བས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཤང་བོ་ར་དགོན་པའི་ཉེ་འགྲམ་གྱི་གཞུང་ལམ་དུ་། ཕ་སྟོབས་ལྡན་དང་ཨ་མ་སྙིང་མོ་ཐར་གཉིས་ཀྱི་བུ་ལོ་༢༧་ཙམ་ཡིན་པ་ལྷ་མོ་སྐྱབས་ནས། ཕྱི་ཟླ་༡༠ ཚེས་༢༠ ཉིན། རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད་འདུག །ཁོང་ཐོག་མར་ཀི་ཤར་དང་བཅས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཞེས་སོགས་སྐད་འབོད་རྒྱག་བཞིན་རང་ལུས་མེ་སྦར་སྐབས། ནམ་རྒྱུན་ནས་སྐོར་གཡེང་འགྲོ་བཞིན་པའི་ཉེན་རྟོག་པ་ཚོ་ ཁོའི་ཕྱོགས་སུ་རྒྱུགས་ཀྱང་ཁོང་རང་ཉིད་མེ་ལྕེ་འབར་བཞིན་ཉེན་རྟོག་པ་ཚོའི་ཕྱོགས་སུ་ཕར་རྒྱུགས་སྐབས་ཉེན་རྟོག་པ་དེ་ཚོས་བྲོས་ཡོད་འདུག
མཐར་ཉེན་རྟོག་པ་དང་དེར་ཡོད་སེར་སྐྱ་མི་མང་གི་བར་འཁྲུག་རྩོད་ཅུང་ཙམ་ཤོར་འདུག་ཀྱང་གྲྭ་མང་དང་མི་མང་གིས་འདས་པོའི་སྐུ་ཕུང་འབོ་ར་དགོན་པའི་ནང་ཁུར་ཡོང་ནས་གྲྭ་མང་ནས་སྨོན་ལམ་གསུང་རྗེས་སྐུ་ཕུང་ནང་ལ་ཕར་ཁུར་ནས་ཞུགས་འབུལ་བྱེད་འཆར་ཡོད་འདུག ལྷ་མོ་སྐྱབས་ལགས་ནི་རྒྱ་གཞུང་གིས་དབྱེ་བས་གསང་ཆུ་རྫོང་བོ་ར་ཤང་ནས་ཡིན་པ་དང༌། ཁོང་དང་ཁོང་གི་གི་བཟའ་ཟླ་རྡོ་རྗེ་སྐྱིད་གཉིས་ལ་བུ་མོ་གཉིས་ཡོད་པ། པད་མ་མཚོ་ལོ་བཅུ་དང་། འབྲུག་མོ་མཚོ་ལོ་བདུན་ཡིན་འདུག
ད་ལོའི་ཟླ་༥་ཚེས་༢༧་ཉིན་འབོ་རའི་སྤེལ་ལུང་སྡེ་བའི་རྡོ་རྗེ་ཚེ་བརྟན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་་རང་ལུས་མེར་སྲེག་བཏང་བ་རྩིས་པའི་ ཀན་ལྷོ་ཁུལ་ནས་ད་བར་བོད་མི་ལྔ་ཡིས་རང་ལུས་མ་སྲེག་བཏང་ཡོད་པ་དང་། བོད་ཁྱོན་ཡོངས་ནས་མི་༥༦་གིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་ཇུས་ལ་རང་ལུས་མེ་སྲེག་གི་ཞི་རྒོལ་གནང་ཡོད་པ་རེད།།