བོད་དཀར་མཛེས་ཁུལ་དུ་ཆར་ཞོད་ཀྱི་གནོད་འཚེའི་སྐོར།
དཀར་མཛེས་རང་སྐྱོང་ས་ཁུལ་ནང་ཆར་ཞོད་དང་ས་རུས་ཀྱི་རྐྱེན་པས་མི་གྲངས་༥༣ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག
-
2009-07-23 -
-
-
༄༅༎རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་ཡོད་པའི་དཀར་མཛེས་རང་སྐྱོང་ས་ཁུལ་ནང་ཆར་ཞོད་དང་ས་རུས་ཀྱི་རྐྱེན་པས་མི་བཞི་རྐྱེན་ལམ་དུ་སོང་བ་དང་གཞན་མི་གྲངས་༥༣ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཟི་ཁྲོན་ཞིང་ཆེན་གྱི་གཞུང་འབྲེལ་སྤྱི་བདེ་ལས་ཁུངས་ཀྱིས་སྤེལ་བའི་ཕྱི་བསྒྲགས་ནང་གསལ་ལྟར་ན་རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་གྱི་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁྱབས་ཁོང་ཀན་རྡིང་རྫོང་ནང་ཆར་ཞོད་རྐྱེན་པས་ས་རུས་ཀྱི་གོད་ཆགས་བྱུང་ཡོད་པ་དང་རྐྱེན་ངན་གྱི་གོད་ཆགས་འདིའི་ནང་མི་གསུམ་ཤི་བསད་དང་གཞན་མི་གྲངས་གསུམ་ལ་རྨས་སྐྱོན་ཕོག་པ་དང་མི་གྲངས་༥༣གར་སོང་ཆ་མེད་དུ་གྱུར་བ་མ་ཟད་གཞན་མི་གྲངས་༩༧ཙམ་ས་རུས་རྐྱེན་པས་ས་གནས་ཀྱི་གཙང་ཆུའི་ཕ་རོལ་དུ་ལུས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག ཡང་རྗེས་སུ་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧའ་གསར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན་ས་རུས་རྐྱེན་པས་ས་གནས་ཀྱི་གཙང་ཆུའི་ཕ་རོལ་དུ་ལུས་པའི་མི་གྲངས་༩༧དེ་དག་སྲུང་སྐྱོབས་ཐུབ་ཡོད་པ་རེད། ཟི་ཁྲོན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་བརྗོད་ན་ཆར་ཞོད་དང་ས་རུས་ཀྱི་ཆགས་སྒོ་ཕོག་མི་དེ་དག་ཀན་རྡིང་རྫོང་ནང་ཆུ་རགས་འཛུགས་བསྐྲུན་གྱི་ལས་མི་ཡིན་པ་རེད།
ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་སུ་ཚུད་པའི་དཀར་མཛེས་རང་སྐྱོང་ས་ཁུལ་དེ་ནི་བོད་རིགས་མི་འབོར་ཆེ་བའི་ས་ཁུལ་ཞིག་ཡིན་ཡང་ད་རས་ས་རུས་ཀྱི་གོད་ཆགས་ནང་རྐྱེན་ལམ་དུ་སོང་བ་དེ་དག་བོད་རིགས་ཡིན་མིན་སྐོར་གསལ་ཁ་གང་ཡང་བཏོན་མིན་འདུག
རྒྱ་ནག་གི་རྒྱལ་ཡོངས་རླུང་འཕྲིན་གྱི་གནས་ཚུལ་ནང་བརྗོད་པར་གཞིགས་ན་ད་རེས་དཀར་མཛེས་བོད་རིགས་རང་སྐྱོང་ས་གནས་ཀྱི་ཀན་རྡིང་རྫོང་ནང་ཆར་ཞོད་ལ་རྐྱེན་པས་ས་གནས་ཀྱི་གཞུང་ལམ་འགྱངས་ཚད་མེ་ལེ་གཉིས་ལྷག་ཙམ་ས་རུས་སུ་ཐིམ་ཡོད་པ་མ་ཟད་ད་ལྟའི་འཆར་ས་གནས་ནང་སྐམ་ཀློག་མེད་པ་དང་དེ་བཞིན་ཕྱི་ཕྱོགས་ལ་ཁ་པར་སོགས་འབྲེལ་གཏུགས་ཀྱི་རྒྱུད་ལམ་དང་མཐུན་རྐྱེན་བར་མཚམས་ཆད་ཡོད་པ་རེད༎