བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཞེ་དགུའི་མཆོད་འབུལ་གནང་ཡོད་པ།
སྨིན་གྲོལ་དགོན་པའི་ངོས་ནས་པད་རྣམ་རིན་པོ་ཆེ་དབུ་བཞུགས་ཐོག་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཞེ་དགུའི་མཆོད་འབུལ་གནང་ཡོད་པ།
-
2018-12-17 -
-
-
༄༅། །༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ལས་ཟུར་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་དགུང་ཞག་ཞེ་དགུའི་རིང་ཁོང་གི་སྲས་པད་རྣམ་རིན་པོ་ཆེའི་ཕོ་བྲང་ནང་དུ་མཆོད་འབུལ་སྨོན་ལམ་ཚོགས་མུས་ཡིན་པ་དང་། དམིགས་བསལ་བདུན་ཚིགས་རེའི་སྐབས་སུ་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་འདུས་སྡེ་ཁག་ལ་གཏོང་སྒོ་དང་རྒྱེབ་ཆོག་སོགས་ཚགས་ཚུད་པ་བྱུང་འདུག་པ་དང་། འདིར་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བདུན་ཞེ་དགུའི་མཆོད་འབུལ་ཉིན་ཨ་རི་དང་རྒྱ་གར་ལྷོ་ཕྱོགས། སྒང་ཏོག་སོགས་ས་གནས་འདྲ་མིན་ནང་མཆོད་འབུལ་གནང་བཞིན་ཡོད་པ་མ་ཟད། འདིར་དོན་གྲུབ་གླིང་མཆོད་རྟེན་ཆེན་མོའི་ནང་དུའང་སྨིན་གྲོལ་དགོན་པས་ངོས་ནས་པད་རྣམ་རིན་པོ་ཆེ་དབུ་བཞུགས་ཐོག་འདུས་མང་ཡོངས་ནས་ཞེ་དགུའི་མཆོད་འབུལ་གནང་བའི་སྐོར་ལ་སྤྱི་ཟུར་བླ་མ་བསྟན་སྐྱབས་ལགས་ནས་འགྲེལ་བརྗོད་གནང་དོན།
རིན་པོ་ཆེ་མཆོག་དགོངས་པ་རྫོགས་པ་ནས་བཟུང་རྒྱལ་ཁབ་འདྲ་མིན་ནས་གནད་ཡོད་མི་སྣ་དུ་མས་ཐུགས་གསོའི་འཚམས་འཕྲིན་དང་སྐུ་གདུང་མཇལ་བཅར་སོགས་གནང་ཡོད་པ་མ་ཟད། ཉེ་བའི་ཆར་དམ་པ་ཁོང་གི་སྲས་སྲོས་རྣམས་དང་སྤུན་མཆེད་འགའ་ཞིག་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཞལ་མཇལ་གྱི་གོ་སྐབས་ཐོབ་པའི་སྐབས་སུའང་༸གོང་ས་མཆོག་ནས་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་སེམས་ཁྲལ་རྩ་བ་ནས་མ་བྱེད། ཁོང་གི་སྐུ་ཚེ་ཧྲིལ་པོར་ཕྱག་ལས་ཡག་པོ་གནང་ཡོད་རེད། ཁོང་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ལ་སྐྱེ་གི་རེད་ཅེས་བཀའ་སློབ་ཕེབས་ཡོད་པའི་སྐོར་ལ་ཁོང་ནས་མུ་མཐུད་འགྲེལ་བརྗོད་འདི་ལྟར་གནང་སོང་།
རིན་པོ་ཆེ་ཁོང་རྒྱ་རི་ཚང་གི་དགོན་པ་ཀླུ་མོ་ར་དགོན་པའི་སྤྲུལ་སྐུ་ཨ་བརྟན་གྱི་ཡང་སྲིད་ཡིན་པ་དང་། མ་འོངས་པའི་ཆར་ཡང་ཡང་སྲིད་ཅིག་ངེས་པར་ཕེབས་ཀྱི་རེད་དྲན་གྱི་འདུག གལ་སྲིད་ཡང་སྲིད་ཅིག་ཕེབས་པ་ཡིན་ན་ཀླུ་མོ་ར་དགོན་པའི་ལས་ཀྱི་སྣེ་མོ་བ་ཚོས་ཐུགས་འགན་བཞེས་ཀྱི་རེད་བསམ་གྱི་འདུག་ཅེས་དང་། ཐེངས་འདིར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་དང་ཆོལ་གསུམ་བོད་མི་ཡོངས་དང་། ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁན་སློབ་འདུས་མང་ཡོངས་ནས་རིན་པོ་ཆེ་མཆོག་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་མཆོད་འབུལ་དང་ཐུགས་གསོའི་འཚམས་འཕྲིན་དང་འཚམས་གཟིགས་གནང་བར་ངས་རྒྱ་རི་ཚང་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
རིན་པོ་ཆེ་ཁོང་དང་སྔར་ནས་འབྲེལ་འདྲིས་ཆེ་བའི་ལ་དྭགས་བླ་མ་བློ་བཟང་ལགས་ནས་ཐེངས་འདིར་རིན་པོ་ཆེ་མཆོག་སྐུ་ཚེ་མ་ཟིན་པ་དེས་བོད་མི་རིགས་ལ་གྱོང་གུད་ཚབས་ཆེན་ཕོག་པ་རེད་ཅེས་དང་། ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་རླབས་ཆེན་མང་པོ་ཞིག་གནང་ཡོད་ཀྱང་དེའི་ནང་ནས་གལ་གནད་ཆེ་ཤོས་གཅིག་ནི་རྒྱ་གར་དང་སོག་པོ་ཨུ་རུ་སུ་རྒྱ་ནག་ཨ་རི་བཅས་ལ་འབྲེལ་ལམ་བཙུགས་པ་དེ་ཆགས་ཀྱི་ཡོད་པས་ཁོང་འདས་གྲོངས་སུ་གྱུར་པ་དེས་མ་འོངས་པའི་ཆར་འབྲེལ་བ་སླར་གསོ་དང་རྒྱུན་མཐུད་ཐུབ་པ་ཁག་པོ་ཆགས་པ་རེད་ཅེས་གསུངས་སོང་།
སྤྱིར་སྟངས་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ནས་བོད་པ་གཙོ་བོར་གྱུར་པའི་རྒྱལ་ཁབ་འདྲ་མིན་ནས་གནད་ཡོད་མི་སྣ་མང་པོས་གཟེངས་བསྟོད་ཀྱི་གྲོས་འཆར་དང་། ཐུགས་གསོའི་འཚམས་འཕྲིན། སྐུ་གདུང་མཇལ་བཅར། དེ་བཞིན་མཆོད་འབུལ་སྨོན་ལམ་སོགས་གནང་དང་གནང་མུས་ཡིན་པ་དང་། ད་དུང་ཁོང་གི་མི་ཚེའི་ལོ་རྒྱུས་ཆ་ཚང་བ་ཞིག་དཔར་སྐྲུན་གྱིས་རིང་མིན་འགྲེམས་སྤེལ་བྱ་འཆར་ཡོད་པ་རེད༎
གསར་འགོད་པ་བློ་བཟང་།