སྔ་ལོར་ཤིན་ཅང་ནང་མི་གྲངས་༤༥༠བསད་པ་མང་ཆེ་བ་ཡུ་གུར་རེད།

སྤྱི་ལོ་༢༠༡༤་ལོར་ཤིན་ཅང་ནང་བསད་པའི་མིའི་གྲངས་འབོར་དེ་ནི་༢༠༡༣ལས་ལྡབ་གཉིས་ལྷག་གི་མང་བ་བྱུང་འདུག

ཤིན་ཅང་གི་མེ་འཁོར་འབབ་ཚུཊ་སུ་འབར་རྫས་བཞག་པའི་གནས་ཚུལ་བྱུང་རྗེས་ས་གནས་སུ་རྒྱ་ནག་གིས་དམ་དྲག་བྱེད་བཞིན་པའི་རྣམ་པ། ༢༠༡༤།༥ AFP

སྤྱི་ལོ་༢༠༡༤་ལོར་ཤིན་ཅང་ནང་བསད་པའི་མིའི་གྲངས་འབོར་དེ་ནི་༢༠༡༣ལས་ལྡབ་གཉིས་ལྷག་གི་མང་བ་བྱུང་འདུག
སྔ་ལོ་རྒྱ་མིས་ཤིང་ཅང་ཞེས་འབོད་པའི་ཤར་ཏུར་ཀིས་ཐན་ནང་མི་གྲངས་༤༥༠་ལྷག་བསད་པ་དང་དེ་དག་ཕལ་མོ་ཆེ་ས་གནས་ཀྱི་ཡུ་གུར་མི་རིགས་ཡིན་ འདུག་  
དེ་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱས་པའི་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ལས་གཞི་ཞེས་པས་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། སྔ་ལོ་ཤར་ཏུར་ཀིས་ཐན་ནང་མི་གྲངས་༤༥༧་ནས་༤༧༨རྐྱེན་ལམ་དུ་ཕྱིན་པ་དང་། དེ་ཚོའི་ནང་ནས་མི་གྲངས་༢༣༥་ནས་༢༤༠་བར་ཤིན་ཅང་གི་གྲངས་ཉུང་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པ་དང་། མི་གྲངས་༨༠་ནས་༨༦་བར་གྲངས་མང་རྒྱ་ཧན་མི་རིགས་ཡིན་པ་ངོ་རྟགས་བཟུང་ཐུབ་སྐོར་བརྗོད་པ་དང་། རྒྱ་ནག་གཞུང་གིས་ཤིན་ཅང་ནང་སྟངས་འཛིན་ནན་པོ་དང་། དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་རྐྱེན་གྱིས་གནས་ཚུལ་མཁོ་སྒྲུབ་བྱེད་དཀའ་བ་ཡིན་སྟབས་གོང་ཞུས་གྲངས་འབོར་ཁག་རྒྱ་མིའི་གསར་ལམ་དང་། ཕྱི་རྒྱལ་གྱི་གསར་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ཁག་ལ་གཞི་བཅོལ་ཚུལ་ཡང་བརྗོད་འདུག
ཕྱི་ལོ་༢༠༡༤་ལོར་ཤིན་ཅང་ནང་བསད་པའི་མིའི་གྲངས་འབོར་དེ་ནི་ལྡབ་གཉིས་ལྷག་གི་མང་བ་ཡིན་ཞིང་། ཕྱི་ལོ་༢༠༡༣་ལོར་ཡུལ་དེའི་ནང་ཁྱོན་བསྡོམས་མི་གྲངས་༡༩༩་ནས་༢༣༥་རྐྱེན་ལམ་དུ་ཕྱིན་པ་དང་། དེ་ཚོའི་ནང་ནས་མི་གྲངས་༡༡༦་ནས་༡༥༡་ཙམ་ཡུ་གུར་མི་རིགས་ཡིན་པ་དང་། མི་གྲངས་༣༢་ནས་༣༨་བར་རྒྱ་རིགས་ཡིན་པ་གསལ་ཁ་བཏོན་འདུག ཞེ་ཅིན་ཕེན་གྱིས་ལོ་གཉིས་ཀྱི་གོང་རྒྱ་ནག་གི་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ཤིན་ཅང་ནང་མི་རྐྱེན་ལམ་དུ་ཕྱིན་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དེས་རྒྱ་གཞུང་གིས་ས་ཁུལ་དེའི་ནང་ཐལ་ཆ་ཆེ་བའི་དྲག་ཤུགས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། བདེ་འཇགས་སྲུང་སྐྱོབ་ཀྱི་ཁོར་ཡུག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མངོན་གསལ་ཡོད་སྐོར་ཡང་གོང་ཞུས་སྙན་ཐོ་ནང་འཁོད་འདུག

གསར་འགོད་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org