རྒྱ་ནག་མཉམ་བོད་དང་ཤིན་ཅང་གི་གནད་དོན་གླེང་སློང་བྱུང་འདུག

ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་གི་རིམ་པའི་ནང་བོད་ཀྱི་གནད་དོན་གླེང་སློང་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བགྲོ་གླེང་ཐེངས་༣༣པ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས། ༢༠༡༤།༡༢།༨ དྲ་བཤུས་ EC

ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་གི་རིམ་པའི་ནང་བོད་ཀྱི་གནད་དོན་གླེང་སློང་གནང་འདུག
དེ་ཡང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གཞུང་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བགྲོ་གླེང་ཐེངས་༣༣པ་དེ་ཕྱི་ཟླ་༡༢ཚེས་༨ཉིན་སྦེལ་ཇམ་གྱི་རྒྱལ་ས་སྦ་རི་སལ་སི་རུ་ཚུགས་ཤིང་། སྐབས་དེར་བོད་དང་ཤིན་ཅང་གི་གནད་དོན་སྤྱི་དང་ལྷག་པར་དུ་ཆོས་དད་རང་དབང་དང་། རྣམ་འགྱུར་གྱི་རང་དབང་། ཞི་བའི་འདུ་འཛོམས་དང་ཚོགས་འདུའི་རང་དབང་། ཁྲིམས་ལུགས་དྲང་བདེན་དང་གང་བྱུང་འཛིན་བཟུང་བྱེད་པ་སོགས་གནད་དོན་མང་དག་ཅིག་གི་ཐོག་བགྲོ་གླེང་གནང་འདུག ད་དུང་ཚོགས་འདུ་དེའི་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། ཡུ་གུར་ཤེས་ལྡན་མི་སྣ་ཨིལ་ཧམ་ཏོཧ་ཏི། ལེའུ་ཤའོ་པོ་སོགས་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་སྲིད་དོན་བཙོན་པ་ཁག་གཅིག་གི་གནད་དོན་སྐོར་ཡང་གླེང་སློང་གནང་འདུག ཉིན་གཅིག་གི་ཚོགས་འདུ་མཇུག་བསྒྲིལ་རྗེས་ཡོ་རོབ་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། འདི་ལྟ་བུའི་བགྲོ་གླེང་གི་ལས་འཆར་འདིས་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐད་ཞིབ་ཕྲའི་བསམ་ཚུལ་བརྗེ་རེས་་བྱ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་པ་བཀོད་འདུག
ཕྱི་ཟླ་༡༢ཚེས་༡༠སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡོ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་སྐུ་ཚབ་ལྕམ་ཕྷེ་ཌེ་རི་ཀ་མོ་གྷེ་རི་ནི་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་ཀུན་ཁྱབ་ཞིག་ཡིན་སྟབས། མི་སུ་འདྲ་ཞིག་ཡིན་རུང་། འཛམ་གླིང་གི་ས་ཕྱོགས་གང་འདྲ་ཞིག་ཏུ་ཡོད་རུང་། ཐོབ་ཐང་དེ་དུས་རྟག་དུ་ཡོད་དགོས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org