བོད་མགོ་ལོག་ཏུ་བོད་མི་ཞི་རྒོལ་བ་སུམ་ཅུ་བཙན་ཁྲིད།
མགོ་ལོག་པད་མ་རྫོང་དུ་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་བྱེད་སྐབས་རྒྱ་ནག་གི་ཉེན་རྟོག་པས་བོད་མི་༣༠འཛིན་བཟུང་བཙན་ཁྲིད་བྱས་བཞག
-
2012-01-26 -
-
-
༄༅༎ཁ་ས་མགོ་ལོག་པད་མ་རྫོང་ཐོག་ཏུ་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་ནག་གི་ཉེན་རྟོག་པས་བོད་མི་༣༠འཛིན་བཟུང་བཙན་ཁྲིད་བྱས་བཞག། རྒྱ་གར་རྡ་རམ་ས་ལར་གནས་སྡོད་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་མགོ་ལོག་དམ་ཆོས་ལགས་ཀྱིས་བོད་ཀྱི་དུས་བབ་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན་ ཕྱི་ཚེས་༢༤ཉིན་གྱི་ཉིན་གུང་ཙམ་ལ་ ཨམ་མདོ་མགོ་ལོག་པད་མ་རྫོང་གི་ཁྲོམ་གཞུང་དུ་བོད་མི་ཚོས་སྐད་འབོད་ཁྲོམ་སྐོར་བྱེད་སྐབས་ རྒྱ་གཞུང་གི་ཉེན་རྟོག་པ་དང་ དམག་མི་ཕོན་ཆེ་འབྱོར་ཏེ་བོད་མི་༣༠ཙམ་འཛིན་བཟུང་བྱས་ཏེ་བཙན་ཁྲིད་བྱས་ཡོད་འདུག་།
ཐེངས་འདིའི་གནས་ཚུལ་དེ་ནི་ ཉེ་ཆར་མགོ་ལོག་ཁུལ་གྱི་བླ་མ་བསོད་སྦེ་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་རྗེས་མགོ་ལོག་ཁུལ་གྱི་ལྕགས་རི་དགོན་པ་དང་ ཨ་སྐྱོང་རྒྱ་དགོན་པ་ དར་ལག་དགོན་པ་སོགས་ཀྱི་དགེ་འདུན་པ་ཁག་ཅིག་གིས་མགོ་ལོག་ཁུལ་དུ་བསྟུད་མར་ཐེངས་གསུམ་ཙམ་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་ བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་སྟབས་ ཉིན་ཤས་གོང་རྒྱ་ནག་གཞུང་གི་ཡིག་ཆ་ཞིག་བཀྲམས་ཏེ་ལས་འགུལ་དེར་ཞུགས་མཁན་གྲ་པ་ཡོངས་རྫོགས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་ཞིག་བཏང་ཡོད་སྟབས་ ས་གནས་མི་མང་ཚོས་དགེ་འདུན་པ་དེ་དག་རྒྱ་མིའི་ལག་ཏུ་མི་ཤོར་བའི་ཆེད་ ཁ་སང་མགོ་ལོག་པད་མ་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱས་པ་ཞིག་ཡིན་འདུག་།