བཙན་བྱོལ་དུ་བོད་མི་ཚོས་བོད་ཀྱི་ཞོ་སྟོན་དུས་ཆེན་ཐེངས་ཉེར་ལྔ་བ་སྲུང་བརྩི་གནང་བཞིན་འདུག
བཞུགས་སྒར་དུ་བོད་ཀྱི་ཞོ་སྟོན་ཐེངས་༢༥འགོ་འཛུགས་གནང་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལྷ་མོ་ཚོགས་པ་ཚོར་བསྔགས་བརྗོད་དང་མཐུན་འགྱུར་གང་ཐུབ་གནང་ངེས་ཡིན་པ་གསུངས་སོང་།
- 2022-04-06
-
-
-
Your browser doesn’t support HTML5 audio
འཛམ་གླིང་སྤྱི་དང་ཁྱད་པར་དུ་བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་རྒྱ་གར་ནང་བར་ལམ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེན་བྱུང་བར་བརྟེན། སྤྱི་ལོ་༢༠༡༩ལོ་ནས་བཙན་བྱོལ་དུ་ནམ་རྒྱུན་འཚོགས་སྲོལ་ཡོད་པའི་བོད་ཀྱི་ཞོ་སྟོན་སྲུང་བརྩི་གནང་ཐུབ་མེད་ནའང་། ད་ཆ་ནད་ཡམས་ཅུང་ཞི་འཇམ་གྱི་སྐབས་དང་བསྟུན་ནས་བཙན་བྱོལ་ནང་བོད་ཀྱི་ཞོ་སྟོན་ཐེངས་༢༥བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པར་སྤྱི་ཟླ་༤པའི་ཚེས་༦ཉིན་འགོ་འཛུགས་གནང་ཡོད་ཅིང་། སྐུ་མགྲོན་དུ་༧གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཉིས་ཆེད་ཕེབས་གནང་འདུག
སྲིད་སྐྱོང་མཆོག་ནས་གཞོན་སྐྱེས་ཚོས་འཁྲབ་གཞུང་ཧ་གོ་ཆེད་སྒྲུང་བཤད་པ་དང་བསྟུན། སྔ་མོའི་གཞུང་འཁྲབ་སྟངས་རྒྱུན་འཛིན་དང་རྒན་པ་ཚོས་གཞོན་སྐྱེས་ལ་སློབ་ཁྲིད་ཚད་ལྡན་གནང་དགོས་པ་གལ་ཆེན་ཡིན་པས། ཟློས་གར་དང་ལྷ་མོ་ཚོགས་པ་ཚོར་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་གང་ཐུབ་གནང་ངེས་ཡིན་པ་དང་། མང་ཚོགས་ཀྱི་ངོས་ནས་སོ་སོའི་རིག་གཞུང་གཅེས་འཛིན་བྱེད་པར་འགན་ཆེ་ཙམ་བཞེས་གལ་ཆེ་བ་ལམ་སྟོན་གནང་སོང་།
བོད་ཀྱི་ཟློས་གར་གྱི་འཁྲབ་སྟོན་འགན་འཛིན་བསམ་གཏན་ལགས་ནས། བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་གནང་རྒྱུ་ཧ་ཅང་གལ་ཆེན་དུ་གཟིགས་ཏེ། བོད་ཀྱི་ཟློས་གར་དུ་ཞོ་སྟོན་གནང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་བཏང་བ་ཟེར་བ་སོགས་ལ་འགྲོ་སོང་ཆེན་པོ་བཏང་ནས་མཛད་སྒོ་འཚོགས་ཀྱི་ཡོད་ནའང་། ལྷ་མོ་འཁྲབ་རྒྱུ་དང་ཞོ་སྟོན་སོགས་ལ་བཀག་འགོག་བྱེད་བཞིན་པ་ཡིན་པས། རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་བརྡ་ལན་ཞིག་ཡིན་པའང་འགྲེལ་བརྗོད་གནང་བྱུང་།
ད་རེས་ཞོ་སྟོན་སྟེང་རྒྱ་གར་ལྷོ་ཕྱོགས་ཀྱི་ལྷ་མོ་ཚོགས་པ་ཁག་བཞི་ཚོང་ལས་སོགས་ཀྱི་དབང་གིས་མཉམ་ཞུགས་གནང་ཐུབ་མེད་པ་མ་གཏོགས། ཨ་མི་རི་ཀ་དང་བལ་ཡུལ། རྒྱ་གར་ནང་བཅས་ཀྱི་ལྷ་མོ་ཚོགས་པ་ཁག་བརྒྱད་ཆེད་དུ་བཞུགས་སྒར་དུ་བཅར་ཏེ་མཉམ་ཞུགས་གནང་འདུག་ལ། རྒྱན་བརྒྱབས་ནས་གང་བབས་པ་དེ་གཞིར་བཞག་གིས། བོད་ཀྱི་ལྷ་མོའི་འཁྲབ་གཞུང་རྣམ་ཐར་ཆེན་མོ་ཁག་བརྒྱད་འཁྲབ་སྟོན་གནང་གི་ཡོད་པ་དང་། ཕྱོགས་མཐའ་ཁག་ནས་ཆེད་ཕེབས་ལྷ་མོ་ཚོགས་པ་ཚོ་ནས་ཚོགས་པ་རེ་ལ་འཁྲབ་སྟོན་པ་༣༠དང་༤༠རེ་ཆེད་བཅར་གནང་ཡོད་ཅིང་། མ་སུ་རིའི་བོད་ཁྱིམ་སློབ་ཕྲུག་ཚེ་རིང་སྒྲོལ་དཀར་ལགས་ནས། སོ་སོ་ཞོ་སྟོན་དུ་ཞུགས་ཏེ་སྤོབས་པ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཨ་མི་རི་ཀའི་ལྕགས་ཟམ་པ་ལྷ་མོ་ཚོགས་པའི་འགན་འཛིན་ཚེ་རིང་དབང་མོ་ལགས་ནས། ཁོང་ཚོའི་མི་ཚེ་གང་བོར་ལྷ་མོ་འཁྲབ་སྟོན་ལ་སློབ་སྦྱོང་བྱས་ཡོད་པས། ད་ལན་འདི་ལ་ཆེད་བཅར་འཁྲབ་སྟོན་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་ཟེར།
བལ་ཡུལ་ནས་ཆེད་ཕེབས་རྒྱལ་པོ་ལགས་ཀྱིས་གསུངས་ན། སོ་སོའི་རིག་གཞུང་སྲུང་སྐྱོབ་རྒྱུན་འཛིན་ཆེད། བོད་མི་རྒན་གཞོན་ལྷ་མོ་འཁྲབ་སྟོན་པ་༣༠ལྷག་བཅར་ཡོད་འདུག
བོད་ཀྱི་ཞོ་སྟོན་ནི། སྔ་མོ་༧རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་སུ་ནོར་གླིང་བསྐལ་བཟང་ཕོ་བྲང་གསར་བཞེངས་ལེགས་གྲུབ་བྱུང་མཚམས། ལས་མི་རྣམས་ལ་ཞོ་ཡི་སྟོན་མོ་བཏང་བ་ནས་བྱུང་བར་བཤད་སྲོལ་ཅིག་དང་། ཡང་བོད་ཟླ་བདུན་པའི་ནང་བོད་ལ་ཞོ་འཕེལ་བའི་སྐབས་ཡིན་པར་བརྟེན། ཞོ་ཡི་སྟོན་མོ་བཏང་སྲོལ་ལ་བརྟེན་ནས་བྱུང་བ་སོགས་བཤད་སྲོལ་ཡོད་པ་རེད།
ད་རེས་བཞུགས་སྒར་དུ་ཉིན་གྲངས་བརྒྱད་རིང་ཞོ་སྟོན་དུ། པདྨ་འོད་འབར་དང་། གཟུགས་ཀྱི་ཉི་མ། ཆོས་རྒྱལ་ནོར་བཟང་། སྣང་ས་འོད་འབུམ། འགྲོ་བ་བཟང་མོ། དོན་ཡོད་དོན་འགྲུབ་སོགས་འཁྲབ་སྟོན་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།