བྱམས་དང་སྙིང་རྗེ་ལྡན་པའི་དུས་རབས་ལ་འབད་དགོས།

༧གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པ་ནང་བྱམས་དང་སྙིང་རྗེ་ལྡན་པར་བསྒྱུར་རྒྱུ་གཞོན་སྐྱེས་ཚོར་འགན་གཙོ་བོ་ཡོད་པ་གསུང་གནང་བ།

༧གོང་ས་མཆོག་ནས་སློབ་གྲྭ་ཁག་༢༠་ནས་ཕེབས་པའི་དགེ་སློབ་གྲངས་༦༠་ལ་བཀའ་སློབ་གནང་སྐབས། ༢༠༡༦།༤།༡༦ དྲ་བཤུས།

དེ་ཡང་ཟླ་འདིའི་སྤྱི་ཚེས་༡༦་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དུས་ཡུན་ཉིན་གྲངས་༦རིང་རྡ་རམ་ས་ལར་འགོ་ཁྲིད་ནུས་པའི་ཟབ་སྦྱོང་དུ་ཕེབས་པའི་རྒྱ་གར་དང་། བལ་ཡུལ་བཅས་ཀྱི་གཏན་ཉིན་སློབ་གྲྭ་ཁག་ནས་དགེ་རྒན་དང་རྒན་བདག་བཅས་ལ་༧རྒྱལ་བའི་གཟིམ་ཆུང་དུ་མཇལ་འཕྲད་དང་བཀའ་སློབ་སྩལ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་ཚོར་བཀའ་སློབ་སྩལ་གནང་བའི་སྐབས། དུས་རབས་ཉེར་གཅིག་པ་འདིའི་ནང་བྱམས་དང་སྙིང་རྗེ་ལྡན་པ་ཞིག་བཟོ་རྒྱུ་མ་ཟད། དྲག་རྩུབ་མེད་པའི་ཞི་བདེ་ཡོང་བར་འབད་བརྩོན་བྱ་དགོས་རྒྱུར་ནན་བརྗོད་གནང་ཡོད་པ་དང་། ད་དུང་གོང་ས་མཆོག་གིས་མི་རབས་འདིའི་ན་གཞོན་ཚོར་བོད་ཀྱི་རིན་ཐང་ལྡན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་ལས་འགན་ཡང་ཡོད་ཅེས་བཀའ་སྩལ་གནང་ཡོད་པ་རེད།
ཡང་༧གོང་ས་མཆོག་ནས། ད་ལྟའི་ཤེས་ཡོན་ལམ་ལུགས་འདིས་འདང་གི་མེད་པའི་ཐད་ལ་བཀའ་སྩལ་གནང་དོན། ད་ལྟ་རྒྱ་གར་ནང་ཡོད་པའི་དེང་དུས་ཤེས་ཡོན་འདི་ཡུ་རོབ་ནས་བྱུང་བ་ཞིག་ཡིན། ཡུ་རོབ་ལོ་ཉིས་བརྒྱ་གསུམ་བརྒྱ་ཙམ་རིང་ལ་ཤེས་ཡོན་ཟེར་དུས་ཡེ་ཤུའི་ལྷ་ཁང་གི་རྐང་འགན་བླངས་པ་ལྟ་བུ་ཆགས་ཡོད། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་འདིས་མིར་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་ཀྱི་མི་འདུག དེར་བརྟེན་བྱམས་བརྩེ་ཞེས་པ་དེ་གལ་ཆེན་པོ་འདུག་ཅེས་ཚན་རིག་པའི་ནང་དུའང་ཤོད་མཁན་ཡོང་གི་འདུག གྲོང་ཁྱེར་ནང་གི་སློབ་གྲྭ་སོགས་ཀྱི་ནང་བྱམས་བརྩེའི་སྐོར་བགྲོ་གླེང་བྱས་ཙང་། སློབ་ཕྲུག་ཚོས་རྒྱག་རེས་རྒྱག་རྒྱུ་ཉུང་དུ་ཕྱིན་ཏེ་སློབ་སྦྱོང་ཐོག་ཧུར་བརྩོན་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ནང་སློབ་ཕྲུག་ཚོས་གཞན་ཕན་སྒྲུབ་རྒྱུར་དོ་སྣང་ཆེ་རུ་ཕྱིན་པ་སོགས་ཧ་ཅང་ཕན་ཐོགས་ཆེན་པོ་འདུག་ཅེས་བརྗོད་ཀྱི་འདུག་ཅེས་དང་། ད་དུང་སངས་རྒྱས་ཀྱི་བསྟན་པ་གྲྭ་བཙུན་དང་མི་སྐྱ་ཕོ་མོས་འཛིན་དགོས་པ་ལས་རྒྱལ་བ་རིན་པོ་ཆེ་ཡོད་མེད་ལ་ཁྱད་པར་ཞེ་དྲགས་མེད་སྐོར་སོགས་ཀྱི་བཀའ་སློབ་སྩལ་གནང་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org