ཁམས་བྲག་མགོ་ནས་བོད་མི་སྤུན་གཉིས་བཙན་བྱོལ་དུ་འབྱོར་བ།

ལོ་སྔོན་མའི་ཕྱི་ཟླ་གསུམ་པའི་ནང་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་བོད་མི་གཉིས་བཞུགས་སྒར་རྡ་རམ་ས་ལར་བདེ་འབྱོར་བྱུང་ཡོད་འདུག

༄༅༎ལོ་སྔོན་མའི་ཕྱི་ཟླ་གསུམ་པའི་ནང་ཁམས་བྲག་མགོ་ཇོ་རུ་ཁུལ་དུ་ངོ་རྒོལ་ནང་མཉམ་ཞུགས་བྱེད་མི་གྲྭ་ཚེ་དབང་དོན་གྲུབ་དང་ཁོང་གི་སྤུན་མཆེད་ཚེ་བརྟན་ཞུས་པ་གཉིས་ལོ་ངོ་གཅིག་ལྷག་ཙམ་ཉེས་གཡོལ་རྗེས་ཉེ་ཆར་བལ་ཡུལ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་བདེ་འབྱོར་བྱུང་ཡོད་འདུག

ན་ནིང་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བཞི་ཉིན་བྲག་མགོ་ཇོ་རུ་ཁུལ་དུ་བོད་རིགས་སེར་སྐྱ་གཉིས་ཀྱིས་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་གནང་ཡོད་ཅིང་དེ་དུས་བྲག་མགོ་ཁུལ་དུ་ཡོད་པའི་ངོ་ཁོག་ཨ་ཎི་དགོན་པའི་བཙུན་མ་དང་ས་གནས་ཀྱི་བོད་རིགས་རྣམས་ཀྱིས་ས་གནས་སྲིད་གཞུང་གི་ལས་ཁང་ཕྱོགས་སུ་འགྲོ་ནས་ངོ་རྒོལ་བྱས་པའི་སྐབས་རྒྱ་ནག་གིས་ཉེན་རྟོག་དམག་མི་འབོར་ཆེན་བཏང་ནས་བོད་མིའི་ཐོག་མེ་མདའ་བརྒྱབས་ནས་རང་ལོ་བཅོ་བརྒྱད་དུ་ཕེབས་པའི་གྲྭ་ཀུན་དགའ་ཞུས་པ་ཞིག་ས་གནས་རང་དུ་བསད་ཡོད་པ་དང་དེ་མིན་བོད་མི་གང་ཙམ་ཞིག་རྨས་སྐྱོན་བྱུང་ཡོད་པ་རེད། རྨས་སྐྱོན་བྱུང་བའི་ནང་ནས་རང་ལོ་སུམ་ཅུ་སོ་དགུ་ལ་སླེབས་པའི་གྲྭ་ཚེ་དབང་ཕུན་ཚོགས་ཞུས་པ་རྒྱ་ནག་གིས་འཛིན་བཟུང་གི་ཞེད་སྣང་འོག་བྲག་མགོ་ཇོ་རུ་ས་ཁུལ་ནས་བྲོས་བྱོལ་དུ་ཕྱིན་ནས་དཀར་མཛེས་དང་ཇོ་རུ་ས་གནས་ཀྱི་རི་བརྒྱུད་ཤིང་ནག་དང་འབྲོག་ས་ཁུལ་དུ་ལོ་ངོ་གཅིག་དང་ཟླ་བ་གསུམ་ཙམ་ཉེས་གཡོལ་བྱས་ནས་བཞུགས་དགོས་བྱུང་འདུག མཐའ་མ་ཁོང་གི་སྤུན་མཆེད་ཚེ་བརྟན་ཞུས་པ་ཞིག་གི་རོགས་རམ་འོག་ཁོང་བོད་ཀྱི་རྒྱལ་ས་ལྷ་ས་བརྒྱུད་ནས་བལ་ཡུལ་དང་དེ་ནས་རྒྱ་གར་དུ་འབྱོར་ནས་ཉིན་ཤས་གོང་བཞུགས་སྒར་རྡ་རམ་ས་ལར་བདེ་འབྱོང་བྱུང་འདུག བྲོས་བྱོལ་དུ་ཕེབས་པའི་གྲྭ་ཚེ་དབང་དོན་གྲུབ་ལགས་ཀྱི་ཁལ་མ་དང་ལག་པ་གཉིས་ཀར་རྒྱ་མིས་བརྒྱབས་པའི་མེ་མདའ་ཕོག་ནས་ཤིང་ནག་ཏུ་འཛིན་བཟུང་གི་ཉེན་ཁ་གཡོལ་ནས་འགྲོ་སྐབས་དཀའ་ཚེགས་ཆེན་པོ་མྱོང་དགོས་བྱུང་འདུག ཁོང་དང་ཁོང་གི་སྤུན་མཆེད་གཉིས་འཛིན་བཟུང་བྱ་ཐུབ་ན་རྒྱ་མིའི་སྒོར་མོ་ཁྲི་གཅིག་དང་གསོན་པོར་འཛིན་བཟུང་བྱ་ཐུབ་ན་ཁྲི་ལྔ་བྱ་དགའ་སྤྲོད་རྒྱུའི་སྐོར་རྒྱ་གཞུང་གིས་བྲག་མགོ་ས་ཁུལ་དུ་གསལ་བསྒྲགས་བྱས་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org