བཙན་བྱོལ་བོད་མིའི་དཔྱ་དངུལ་ཆག་ཡང་གི་དུས་ཚོད་སྤྱི་ཟླ་དགུ་བ་བར་ཕར་འགྱངས་གནང་སོང་།

བཙན་བྱོལ་བོད་མིའི་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་གསར་བཟོ་མ་ཐུབ་པ་རྣམས་ལ་བརྒྱ་ཆ་༩༠ཆག་ཡང་བཏང་བ་དེ་འདི་ལོའི་ཕྱི་ཟླ་དགུ་བ་བར་ཕར་འགྱངས་གྲོས་ཚོགས་ནང་གཏན་འབེབས་གནང་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ༠༣།༢༨།༢༠༢༤ CTA

འདི་ཚེས་༢༨ཉིན་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༧པའི་ལས་ཉིན་༡༠པའི་སྐབས། བཙན་བྱོལ་བོད་མིའི་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བརྒྱ་ཆ་༩༠ཆག་ཡང་བཏང་ནས་ཕྱི་ལོ་༢༠༢༤ཟླ་བ་༣ ཚེས་༣༡ཉིན་མཇུག་བསྡུ་བཞིན་ཡོད་པ་དེ། ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༩་བ་བར་ཕར་འགྱངས་བྱ་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཕྱི་དྲིལ་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་བཏོན་པ་དེར་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་རྗེས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།
ད་བར་དཔྱ་དངུལ་ཆག་ཡང་བཏང་ནས་ལོ་གཅིག་འཁོར་བའི་བརྒྱུད་རིམ་ནང་ཨ་རི་དང་། ཁེ་ཎ་ཌ། ཡོ་རོབ་ཡུལ་གྲུ་ཁག་བཅས་ཀྱི་ནང་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་མཁན་གྲངས་༦༦༦༦བྱུང་ཡོད་པ་རེད་འདུག
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༩པ་འདི་ཚེས་༢༧ཉིན། གྲོས་ཚོགས་སུ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་བསྐྱར་བཅོས་ཁྲིམས་འཆར་ལས། བཅའ་ཁྲིམས་དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས། ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་“མང་མོས་ཐོབ་པ་དེར་”ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ་ཞེས་ཚིག་བརྗོད་རྙིང་པའི་ནང་འཁོད་པ་དེ། “ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆའི་ལྔ་བཅུ་ལོན་པ་”དེར་ཅེས་བསྐྱར་བཅོས་ཚིག་བརྗོད་ནང་བཀོད་པ་ལ་གྲོས་ཚོགས་སུ་རྩ་འབོར་མ་ལོན་པར་མར་ཟགས་ནས་གཏན་འབེབས་གནང་ཐུབ་མེད་པ་རེད།


ཡང་དོན་ཚན་རེ་གསུམ་པའི་ནང་གསེས་༢པའི་ག་པ་རུ་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བ། བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་བཏོན་པ་གཞིར་བཟུང་གི་སྟེང་ཕྱིན་པའི་ནང་། ཁྲིམས་ཞིབ་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་ཚིག་བརྗོད་རྙིང་པ་ལས། “གནང་”ཟེར་བ་དེ་བླངས་ནས་གོང་གི་“ལོ་སུམ་ཅུའི་”རིང་གི་ཚབ་ཏུ་ཚིག་བརྗོད་གསར་པ་“ལོ་བཞི་བཅུ་ཞེ་གཉིས་”རིང་ཞེས་བསྐྱར་བཅོས་ཚིག་བརྗོད་གསར་སྣོན་བྱས་པའི་ཐད། གྲོས་ཚོགས་སུ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ནས་མཐའ་གཅིག་ཏུ་དགག་བྱ་གནང་གི་ཡོད་པ་དང་། དེའི་རྒྱུ་མཚན་ནི་ད་ལྟ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་གཅིག་ཁྲིམས་འགལ་གྱིས་བསྡད་ཡོད་ཚུལ་དང་། ཁྲིམས་ཞིབ་པ་ཡིན་ཟེར་ནས་ཁྲིམས་འགལ་གྱིས་བསྡད་མཁན་དེ་མར་མ་ཐོན་བར་དུ། ང་ཚོས་ཁྲིམས་ཞིབ་པ་གཞན་གཅིག་བསྐོས་པ་ཡིན་ན། རྩ་བ་ནས་འགྲིག་ཐབས་མེད་པ་གསལ་སྟོན་གནང་གི་འདུག
ཡང་བཀའ་ཤག་གི་བཟོ་བཅོས་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ནས། གང་ལྟར་ང་ཚོས་ལམ་ཁ་བསངས་པ་དང་དཀའ་ངལ་སེལ་བའི་ཆེད་ཐབས་ཤེས་བཏང་གི་ཡོད་པས། ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དེ་འགྲུབ་ཐུབ་པ་ཞིག་དང་དཀའ་ངལ་བསང་ཐུབ་པ་ཞིག་གནང་དགོས་ཀྱི་འདུག་ཅེས་གསལ་སྟོན་གནང་སོང་།
འོན་ཀྱང་གྲོས་ཚོགས་ནང་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་བ་སྤྱི་འཐུས་རྩ་འབོར་མ་ལོན་པར་བརྟེན་བསྐྱར་བཅོས་གནང་མ་ཐུབ་པར་ཟགས་ཡོད་པས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤྱི་འཐུས་ཁག་ཅིག་ལ་དེའི་ཐད་དགོངས་ཚུལ་དྲིས་སྐབས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ནས་ཁྲིམས་ཞིབ་ཁང་གི་གནད་དོན་ནི་ཡིག་ཆ་ཨང་༣༩པར་ཐུག་ཡོད་དུས། ཡིག་ཆ་དེ་གྲོས་ཚོགས་སུ་གཙང་མ་བཟོ་མ་ཐུབ་ན། མ་འོངས་པར་ཡང་དཀའ་ངལ་དེ་མུ་མཐུད་ཡོང་བའི་གནས་སྟངས་ཕྱོགས་ཚང་མས་ཧ་གོ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་ཁྲིམས་འཆར་མ་སོང་བར་བརྟེན་ནས། ང་ཚོའི་སྒྲིག་འཛུགས་ལ་ཁྲིམས་ཞིབ་པ་ཁྱོན་ནས་ཡོང་ས་མེད་པ་ཆགས་མེད་པར། སྔར་རྒྱུན་གྱི་ཆ་རྐྱེན་ནང་ཡོད་པ་དེ་གཞིར་བཞག་གིས་མི་འགྲོ་རག་པར་འདེམས་སྒྲུག་ཚོགས་ཆུང་ལ་དཀའ་ངལ་འཕྲད་སྲིད་པ་རེད་མ་གཏོགས། ཁྲིམས་ཞིབ་པ་བསྐོ་ས་མེད་པའི་ལམ་ཁ་དེ་འདྲ་གང་ཡང་མ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་འདི་ཚེས་༢༨གྲོས་ཚོགས་ལས་ཉིན་༡༠པར་ཁྲིམས་བཟོའི་ལས་དོན་ནང་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་༣པའི་ཐད། བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་ཡིག་ཆ་ཨང་༡༦པའི་ཁ་པའི་ནང་། ཁྲིམས་ཞིབ་པ་ཆེ་བར་འོས་ཐོན་བྱུང་འཕྲལ་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའ་འམ་ཁས་ལེན་བྱེད་དགོས། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་བྱུང་འཕྲལ། ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའ་འམ་ཁས་ལེན་བྱེད་དགོས་ཞེས་པ་དེར། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་ཐུབ་ཡོད་པ་རེད།
གཞན་ཡང་གྲོས་ཚོགས་ལས་ཉིན་༡༠པའི་སྟེང་། གྲོས་ཚོགས་སུ་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་༢༠༠༢དང་༣ནས་༢༠༢༢དང་༢༣བར་གྱི་དཔལ་འབྱོར་གནས་བབ་སྙན་ཐོ་ཞིག་བཏོན་པའི་ནང་། སྔོན་རྩིས་དང་གཏན་འཇགས། ཟུར་བཀོལ་སྤྱིར་བཏང་དང་ལས་འཆར་མ་དངུལ། བསྒྱུར་དཀའི་མཁར་དབང་བཅས་རྩིས་ལོ་༢༠༠༢དང་༣ལོར། སྒོར་ས་ཡ་༡༣༥༨་༣༤ཡིན་པ་དང་། རྩིས་ལོ་༢༠༡༢དང་༡༣བར་སྒོར་ས་ཡ་༢༥༠༠་༣༢ཡིན་པས་འཕར་འབབ་སྒོར་ས་ཡ་༡༡༤༡་༩༨དེ་འཕར་འབབ་བརྒྱ་ཆ་༨༤་༠༧ཡིན་པ། ཡང་རྩིས་ལོ་༢༠༢༢དང་༢༣ནང་ཁྱོན་སྒོར་ས་ཡ་༧༣༩༨་༥༨ཡིན་པའི་འཕར་འབབ་སྒོར་ས་ཡ་༤༨༩༨་༢༦དེ་འཕར་འབབ་ཀྱི་བརྒྱ་ཆ་༡༩༤་༩༠བཅས་ཡིན་པ་གསལ་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org