ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་གསུམ་བཅུའི་དུས་དྲན་ཉིན་བོད་དོན་བསྒྲགས་གཏམ་སྤེལ།

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལོ་སི་(Nancy Pelosi)་ལགས་དང་ཁེ་ན་ཌའི་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Arif Varani)་ལགས་བཅས་ཀྱིས་བོད་དོན་བསྒྲགས་གཏམ་སྤེལ་འདུག

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལོ་སི་(Nancy Pelosi)་ལགས། Lhuboom/RFA

འདི་ཚེས་༡༠་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལོ་སི་(Nancy Pelosi)་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་བརྒྱུད་བོད་དོན་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་ནས། མི་ལོ་༦༣་གོང་བོད་མི་སྟོང་ཕྲག་མང་པོས་རང་སྲོག་བློས་བཏང་གིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་བ་དང་། དེ་ནས་ད་བར་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་ནས་རང་དབང་འཐབ་རྩོད་དང་། ཆོས་དང་སྐད་ཡིག་རིག་གཞུང་བཅས་བ་སྲུང་སྐྱོབ་གནང་བར་མནར་གཅོད་མྱངས་ཡོད་ཅེས་གདུང་སེམས་མཉམ་སྐྱེས་གནང་བ་དང་། བོད་མི་ཚོའི་འཚེ་མེད་ཞི་བའི་འཐབ་རྩོད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཁྱད་འཕགས་ཀྱི་དབུ་ཁྲིད་ལམ་སྟོན་ལ་སེམས་འགུལ་ཐེབས་ནས། ཨ་རིའི་གཞུང་གིས་བོད་མི་ཚོར་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་ལ་རང་གི་བྱ་སྤྱོད་འགན་ཁུར་ལེན་དུ་བཅུག་ནས། བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་ནུས་ཤུགས་འདོན་རྒྱུ་ཡིན་པ་གསུངས་འདུག


དེ་བཞིན་ཁེ་ན་ཌའི་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Arif Varani)་ལགས་ཀྱིས་བོད་དོན་བསྒྲགས་གཏམ་སྤེལ་ནས། ང་ཚོས་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱེད་དགོས། ད་རེས་མང་པོས་ཡུའུ་ཁུ་རེན་ལ་གཞི་རྩའི་ཐོབ་ཐང་དང་རང་དབང་ཐོབ་ཆེད་རྒྱབ་སྐྱོར་བྱེད་བཞིན་པ་དེ་སེམས་ཤུགས་སྐྱེད་བྱེད་ཅིག་ཆགས་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་གཞི་ལྟར། བོད་མི་ཚོས་དབུ་མའི་ལམ་བརྒྱུད་བོད་མིའི་འཐབ་རྩོད་རྒྱུན་མཐུད་གསོན་པོར་གནས་བར་འབད་གལ་ཆེ་ཅེས་གསུངས་འདུག


དེ་བཞིན་ཁེ་ཎ་ཌའི་ནང་གི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བུ་འཁྲིད་ལགས་དཀར་པོ་ཆེ་ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་(Consiglio denino)་ལགས་གཉིས་ཀྱིས་གསུམ་བཅུའི་དུས་དྲན་གྱི་གོམ་བགྲོད་ནང་ཆ་ཤས་བླངས་བ་མ་ཟད། བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང་ཡོད།
ལོ་རེའི་སྤྱི་ཟླ་༣པའི་ཚེས་༡༠ཉིན་ནི། རྒྱ་ནག་གཞུང་གིས་དེ་སྔ་བོད་ས་བཙན་བཟུང་བྱས་བ་དང་དེར་ངོ་རྒོལ་ཆེད་བོད་མི་ཚོས་རང་དབང་སྒེར་ལངས་བྱས་བའི་ཉིན་མོ་ཡིན་པ་དང་། ད་བར་མི་ལོ་༦༣་འཁོར་ཡོད་ལ། ཚེས་བཅུ་ཉིན་རྒྱ་གར་གཙོ་བོ་བྱས་བའི་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། རྔམ་སྟོན་སྐད་འབོད་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་ནས་དུས་དྲན་སྲུང་བརྩི་ཞུས་སྐབས། རྒྱལ་ཁབ་འདྲ་མིན་གྱི་ས་གནས་མང་པོར་མཛད་སྒོའི་ཐོག་ཡུལ་དེའི་གྲོས་ཚོགས་འཐུས་མི་ཕེབས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད་པ་རེད།

གསར་འགོད་པ། ཀླུ་འབུམ། ཨྱོན།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org