ཕྲུ་གུ་དམག་འཐབ་ནང་བཅུག་རྒྱུ་གཏན་འགོག་གི་གྲོས་ཆོད།

ཕྲུ་གུ་བཙན་ཤེད་ཀྱིས་དམག་འཐབ་བྱེད་དུ་བཅུག་པའི་བྱ་སྤྱོད་མཚམས་འཇོག་བྱ་རྒྱུའི་རྒྱལ་སྤྱིའི་གྲོས་ཆོད་ལ་རྒྱལ་ཁབ་༡༠༠ཐམ་པས་རྒྱབ་སྐྱོར།

༄༅༎དེ་སྔ་༢༠༠༧ ལོར་ཕེ་རན་སིའི་རྒྱལ་ས་པེ་རེ་སི་དུ་འཛམ་གླིང་ནང་ཕྲུ་གུ་བཙན་ཤེད་ཀྱིས་དམག་འཐབ་བྱེད་དུ་བཅུག་པའི་བྱ་སྤྱོད་མཚམས་འཇོག་བྱ་རྒྱུའི་རྒྱལ་སྤྱིའི་གྲོས་ཆོད་བཞག་པ་དེར་ད་རེས་འཛམ་གླིང་གི་རྒྱལ་ཁབ་༡༠༠ ཐམ་པས་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཡོད་པ་རེད།
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ནས་གསུང་པར། འཛམ་གླིང་ནང་གི་ཕྲུ་གུ་སྟོང་ཕྲག་མང་པོ་ལག་ཏུ་གོ་མཚོན་ཐོགས་ཏེ་དྲག་པོའི་དམག་འཐབ་བྱེད་དུ་བཅུག་པ་དང༌། ཡང་ན་དྲག་པོའི་སྒྲིག་འཛུགས་ནང་ཡོད་པ་དེ་དག་གི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་༢༠༠༧ ལོར་རྒྱལ་སྤྱིའི་གྲོས་མཐུན་ཞིག་བཞག་ཡོད་པ་དང༌། རེས་གཟའ་ཟླ་བའི་ཉིན་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་མཐུན་དེའི་ཐོག་ལ་ ཨང་གོ་ལ། ཨར་མེ་ནི་ཡ། སྦོ་སི་ནི་ཡ། ཀོ་སི་ཀྲ་རི་ཀ། སན་མ་རི་ནོ་བཅས་རྒྱལ་ཁབ་ལྔ་པོ་དེ་དག་གིས་ཀྱང་ད་རེས་རྒྱབ་སྐྱོར་གྱི་ས་ཡིག་སྐྱོན་པར་དེར་བསྔགས་བརྗོད་གནང་ཡོད་པ་རེད།
ཕེ་རན་སི་འགྲོ་བ་མིའི་ཐོབ་ཐང་སྐུ་ཚབ་ནས། ད་རེས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཕྲུ་གུ་དམག་འཐབ་ནང་བེད་སྤྱོད་བྱེད་པའི་བྱ་སྤྱོིད་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་གསར་པ་བཞག་ཐུབ་པ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ནས་འཛམ་གླིང་ཐོག་བཟོད་པར་དཀའ་བའི་སྣང་ཚུལ་མི་ལེགས་པ་དེ་མཚམས་འཇོིག་བྱ་རྒྱུའི་རྣམ་པ་མཚོན་ཐུབ་པ་ཞིག་ཡིན་པ་མ་ཟད། ད་ཆ་གནས་སྟངས་དེ་མཇུག་སྒྲིལ་རན་པའི་དུས་ལ་འབབ་ཡོད་པ་དང༌། མ་འོངས་ང་ཚོས་བྱ་སྤྱོད་ངོ་མའི་ཐོག་ལག་བསྟར་བྱེད་མཁན་དང་མི་བྱེད་མཁན་རྩིས་བཤེར་བྱ་དགོས་པའི་དགོངས་ཚུལ་གསུང་ཡོད་པ་རེད། ན་ནིང་༡༠༡༠ ལོའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་དང༌། དེ་མིན་གྱི་ཚོགས་པ་ཁག་མཉམ་རུབ་ཀྱིས། འཛམ་གླིང་ནང་དུ་ཕྲུ་གུ་དམག་འཐབ་ནང་ཞུགས་པ་དང༌། དྲག་པོའི་སྒྲིག་འཛུགས་ནང་ཞུགས་པའི་གྲངས་འབོར་ཁྲི་གཅིག་ཡོད་པའི་བསྡོམས་རྩིས་ཤིག་བཏོན་ཡོད་པ་དང༌། འཛམ་གླིང་གི་རྒྱལ་ཁབ་ནང་ནས། ཨཕ་ག་ནི་སི་ཏན་དང༌། སྦུ་རུན་ཌི་ དབུས་ཨ་ཕེ་རི་ཀའི་སྤྱི་མཐུན་རྒྱལ་ཁབ། ཀོ་ལམ་སྦི་ཡ། ཀོང་གོ་སྤྱི་མཐུན་རྒྱལ་ཁབ། ཨི་རག འབར་མ། བལ་ཡུལ། ཕི་ལི་པིན་སི། སོ་མ་ལི་ཡ། ཤྲི་ལང་ཀ། སུའུ་རྡན། ཡུ་གན་ཌ་རྒྱལ་ཁབ་དེ་དག་ནི་ཕྲུ་གུ་དྲག་པོའི་དམག་མིའི་་ནང་བེད་སྤྱོད་གཏོང་མཁན་ཡིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེས་ཅན་པའི་མིང་ཐོ་ནང་འཁོད་ཡོད་པ་མ་ཟད། དུས་ད་ལྟའང་མུ་མཐུད་ཕྲུ་གུ་བཙན་ཤེད་ཀྱིས་དམག་འཐབ་ནང་བེད་སྤྱོད་གཏོང་བའི་ནག་ཉེས་ཅན་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org