སུད་སིར་བོད་མི་སྟོང་ཕྲག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག།
སུད་སིའི་གྲོང་ཁྱེར་ཇེ་ནེ་ལྦའི་ནང་གི་མཉམ་སྦྲེལ་རྒྱལ་ཚོགས་མདུན་ཁ་ས་བོད་མི་ཆིག་སྟོང་ལྷག་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་འདུག
-
2011-10-24 -
-
-
༄༅༎སུད་སིའི་གྲོང་ཁྱེར་ཇེ་ནེ་ལྦའི་ནང་གི་མཉམ་སྦྲེལ་རྒྱལ་ཚོགས་མདུན་ཁ་ས་བོད་མི་ཆིག་སྟོང་ལྷག་འདུ་འཛོམས་ཀྱིས་ཉེ་དུས་བོད་ནང་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་གནང་འདུག།
སུད་སི་དུ་ཆེད་ཕེབས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ མཉམ་འབྲེལ་རྒྱལ་ཚོགས་ལ་རྔ་བ་ཀིརྟི་དགོན་པའི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་མཁན་ཚོགས་ཆུང་ཞིག་ངེས་པར་གཏོང་གནང་ཡོང་བའི་འབོད་སྐུལ་དང་སྦྲགས། བོད་ནང་གི་ད་ལྟའི་གནས་སྟངས་ཐད་མཉམ་སྦྲེལ་རྒྱལ་ཚོགས་ལ་བློ་འཚབ་ཡོད་པའི་བསྒྲགས་གཏམ་ཞིག་འཕྲལ་དུ་སྤེལ་གནང་རྒྱུའི་སྐུལ་མ་ཡང་ཞུས་གནང་འདུག
རྒྱ་ནག་གི་སྲིད་འཛིན་ ཧུ་ཅིང་ཏའོས་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུའི་དམིགས་ཡུལ་དེ་དག་ བཙན་བཤེད་སྒོ་ནས་འགྲུབ་ཐུབ་རྒྱུ་མིན་སྟབས།བོད་དང་རྒྱ་ནག་གཉིས་དབར་ཕན་ཚུན་ཡིད་ཆེས་དང་གྲོས་མོལ་གྱི་ལམ་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུ་ཡིན་སྐོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་བཞགསུད་སིའི་ཕྱོགས་མཐའ་ཁག་ནས་འགྲུལ་འཁོར་ཆེ་བ་གྲངས་༡༡དང༌། དེ་མིན་མེ་འཁོར་དང༌། འགྲིམ་འགྲུལ་གྱི་བརྒྱུད་ལམ་གཞན་ནང་ཕེབས་པའི་བོད་མི་ཆིག་སྟོང་ཙམ་གྱིས་ལེཀ་ཇི་ནི་ལྦ་ཞེས་པའི་ས་གནས་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་བར་གོམ་བགྲོད་གནང་སྐབས་ ཉེ་དུས་བོད་ནང་སྐུ་ལུས་མེར་བསྲེགས་བཏང་ནས་རང་སློག་བློས་བཏང་གནང་མཁན་ཚོར་དྲན་གསོ་ཞུ་བའི་པུར་སྒམ་ལྔ་དང་ཁོང་རྣམ་པའི་སྐུ་པར། བོད་ཀྱི་རྒྱལ་དར་སོགས་བསྣམས་ཡོད་པ་དང༌། རྗེས་སུ་ གྲོར་ཁྱེར་ ཇེ་ནེ་ལྦའི་ནང་གི་མཉམ་སྦྲེལ་རྒྱལ་ཚོགས་ལས་ཁང་མདུན་འདུ་འཛོམས་གནང་འདུག། གོང་ཞུས་སུད་སི་བོད་མི་མང་ཚོགས་ཀྱི་ངོ་རྒོལ་དེ་བཞིན་ མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་ཉིན་མོའི་སྔ་ནུབ་དེར། སུད་སིའི་བོད་མིའི་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བ་ཞིག་རེད་འདུག།