མཛོད་དགེ་རྫོང་དུ་རང་སྲེག

མདོ་སྨད་རྔ་བ་རང་སྐྱོང་ཁུལ་མཛོད་དགེ་རྫོང་དུ་དཀོན་མཆོག་སྐྱབས་ཞུ་བས་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་བ།

རྔ་བའི་ས་ཁྲ། བི་ཀི་པི་ཌི་ཡ།

༄༅༎ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༣༠ ཉིན། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་རྣམ་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།
དེ་རིང་བོད་ནང་གི་ཞོགས་པའི་དུས་ཚོད་༩ ཡས་མས་སུ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གཟའ་རུ་སྟོད་མའི་རུ་སར་ཁ་བའི་ཕུན་ཚོགས་ཚང་གི་བུ་དཀོན་མཆོག་སྐྱབས། རང་ལོ་༢༩ ཡིན་པ་ཁོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་ བཞག་ལྡོམ་ཞང་ནས་སྤྱི་ལེ་བཅུ་ལྷག་གི་སར་ཡོད་པའི་རླངས་འཁོར་ནང་དུ་སྣུམ་བླུག་ས་ཞིག་ཡོད་པ་དེའི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་འདུག་ཀྱང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་སོགས་སླེབས་ནས་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ལ་ཁྱེར་ཡོད་པས་ཁོང་གི་ཤི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མི་འདུག སྐབས་ཐོག་དེར་གཟའ་རུ་སྟོད་མའི་ཕོ་གསར་སྐོར་ཞིག་གིས་ཉེན་རྟོག་པའི་རྗེས་དེད་ནས་རྒྱུགས་ཡོད་ཀྱང་ཕོ་གསར་རྣམས་ཀྱང་ཕྱིར་ཡོང་མེད་པར་གྱུར་སྟབས། ད་ལྟ་སྟེ་རྒྱ་གར་གྱི་དུས་ཚོད་༧ ཙམ་ལ་ས་གནས་ཀྱི་མི་མང་ཕོན་ཆེ་འདུ་འཛོམས་བྱེད་བཞིན་པ་དང་། མི་མང་གིས་ཕོ་གསར་རྣམས་དང་དཀོན་མཆོག་སྐྱབས་བཅས་ཕྱིར་སྤྲོད་དགོས་ཚུལ་བརྗོད་ནས་ངར་ཤུགས་ཆེན་པོས་ངོ་རྒོལ་བྱས་བརྩིས་བྱེད་བཞིན་ཡོད་པས་གནས་ཚུལ་ཛ་དྲག་ཏུ་འགྱུར་བཞིན་ཡོད་འདུག
ཁོང་གི་ཕ་མིང་ལ་ཕུན་ཚོགས་དང་། མ་མིང་ལ་བློ་བཟང་སྒྲོལ་མ། རང་ལོ་༢༦ ཡིན་པའི་བཟའ་ཟླའི་མིང་ལ་པདྨ་སྐྱིད་དང་ཁོང་གཉིས་ལ་བྱིས་པ་གཉིས་ཡོད་པའི་ཆེ་བ་ལོ་༩ དང་ཆུང་བ་ལོ་༦ ཡིན་འདུག ཁོང་ལ་སྤུན་གཅིག་དང་སྲིང་མོ་གཉིས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org