བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྒྱ་ནག་ཏུ་ཕེབས་རྒྱུ།
བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཆུང་འཐུས་མི་བཞིན་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཐོན་གནང་གི་ཡོད་པ།
-
2010-01-24 -
-
-
༄༅༎འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན།འཐུས་མི་བཞི་ལས་གྲུབ་པའི་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཚོགས་ཚུང་འདི་ཚེས་༢༥རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་རྒྱ་ནག་ལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་འདུག་སྐུ་ཚབ་ཕེབས་ཐེངས་དགུ་པའི་འདིའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་སྐུལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་།སྐལ་བཟང་རྒྱལ་མཚན་ལགས།ཚོགས་མི་བུ་ཆུང་ཚེ་རིང་ལགས་བཅས་ཀྱི་ཐོག་ཚོགས་མི་གསར་པ་བཙན་བྱོལ་བོད་གཞུང་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་བསྟན་འཛིན་ཕུན་ཚོགས་བཅས་སྐུ་ཚབ་རྣམ་པ་བཞི་ཕེབས་ཀྱི་ཡོད་པ་དང་ཐེངས་འདིའི་འབྲེལ་མོལ་གནང་ཡུལ་ཧུ་ནན་ཞིང་ཆེན་ནང་ཡིན་པ་ཙམ་ལས་བཞུགས་ཡུན་ཉིན་གྲངས་དང་ས་གནས་གང་དུ་ཕེབས་ཀྱི་ཡོད་མེད་སྐོར་ཞིབ་ཕྲའི་གནས་ཚུལ་གང་ཡང་མི་འདུག་ བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་བརྒྱད་པ་དེ་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་བཅུ་པའི་ནང་ཕེབས་སྐབས་ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཡང་རྒྱ་ནག་གཞུང་ལ་ཕུལ་བ་རེད།འོན་ཀྱང་རྒྱ་ནག་གཞུང་གིས་ཡིག་ཆ་དེའི་ངོ་བོ་དང་ནང་དོན་གང་ཡང་ངོས་ལེན་གནང་མེད་པ་རེད།དེ་རྗེས་དེ་ལོ་ཕྱི་ཟླ་བཅུ་གཅིག་ནང་ནང་༧གོང་ས་མཆོག་བཀའ་དགོངས་བཞིན་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཞིག་ཀྱང་བསྐོང་ཚོགས་གནང་བ་རེད།དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་བྱེད་རྒྱུ་ཇེ་སྡུག་ཏུ་ཕྱིན་སྟེ་ཕན་ཚུན་གྱི་འབྲེལ་ལམ་ཆད་པ་ལྟ་བུར་གྱུར་པ་རེད།འོན་ཀྱང་ཟླ་བ་འདི་ཚེས་༢༠དང་༢༡ཉིན་གཉིས་རིང་བཙན་བྱོལ་བོད་གཞུང་གི་ལྟེ་ནས་བཞུགས་སྒར་རྡ་རམ་ས་ལར་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་དེ་ཚོགས་གནང་བ་དང་དེ་མཚམས་༸གོང་ས་མཆོག་ལ་བརྟན་བཞུགས་འདེགས་ཕུལ་ཚར་མ་ཐག་སྐུ་ཚབ་ཐེངས་དགུ་པ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་འདུག