ལ་དྭགས་ས་གནས་སུ་བྷོ་ཊི་སྐད་ཡིག་གམ་བོད་ཡིག་ཉིན་མོ་སྲུང་བརྩི་ཞུས་སོང་།
ལ་དྭགས་ས་གནས་སུ་བྷོ་ཊི་སྐད་ཡིག་གམ་བོད་ཡིག་ཉིན་མོར་ས་གནས་སུ་ཆོས་ཚོགས་འདྲ་མིན་ཡོད་པ་ཚང་མ་ཟུང་འབྲེལ་དུ་ལ་དྭགས་གླེ་རྒྱལ་ས་གཙོའི་ས་གནས་ཀྱི་འཛིན་སྐྱོང་། དེ་བཞིན་སློབ་གྲྭ་ཚང་མ་དང་དགོན་པ། ཡང་ལ་དྭགས་བོད་ཁྱིམ་སློབ་ཟུར་ཚོགས་པ་བཅས་ཀྱི་སྲུང་བརྩི་ཞུས་པ།
- 2023-04-01
-
-
-
Your browser doesn’t support HTML5 audio
ཕྱི་ཟླ་༤པའི་ཚེས་༡ཉིན་ལ་དྭགས་ས་གནས་སུ་བྷོ་ཊི་སྐད་ཡིག་གམ་བོད་ཡིག་ཉིན་མོར་ས་གནས་སུ་ཆོས་ཚོགས་འདྲ་མིན་ཡོད་པ་ཚང་མ་ཟུང་འབྲེལ་དུ་ལ་དྭགས་གླེ་རྒྱལ་ས་གཙོའི་ས་གནས་ཀྱི་འཛིན་སྐྱོང་། དེ་བཞིན་སློབ་གྲྭ་ཚང་མ་དང་དགོན་པ། ཡང་ལ་དྭགས་བོད་ཁྱིམ་སློབ་ཟུར་ཚོགས་པ་བཅས་ཀྱི་སྲུང་བརྩི་ཞུས་སོང་། དེ་ཡང་དམིགས་གསལ་གྱི་ལ་དྭགས་མི་མང་ཚང་མའི་བྷོ་ཊི་སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ལེའུ་རྒྱད་པའི་ནང་འཚུད་དགོས་པའི་ཆེད་བྷོ་ཊི་སྐད་ཡིག་ལ་རྒྱ་གར་དབུས་གཞུང་ནས་ངོས་འཛིན་དགོས་པ་འབོད་སྒྲ་ཞུས་སོང་། ལ་དྭགས་ནང་པ་ཚོགས་འདུ་དང་དགོན་པ་ཚོགས་འདུ་གཙོའི་ལ་དྭགས་ས་གནས་སུ་ཆོས་ཚོགས་འདྲ་མིན་ཡོད་པ་ANJUMAN IMMAMIA དང་ ANJUMAN MOIN UL ISLAM དེ་བཞིན་ཡི་ཤུ་ཆོས་ཚོགས་བཅས་ཟུང་འབྲེལ་དུ་མི་མང་དང་ལས་རིམས་འཚར་བས་རྗེས་བྷོ་ཊི་སྐད་ཡིག་དེ་ས་གནས་སུ་མི་མང་གི་བེད་སྤྱོད་བྱེད་སྟངས་ཡག་དུ་གཏང་རྒྱུ་དང་ཡང་སྤྱིར་བཏང་གི་ཡར་རྒྱས་གཏོང་ཕྱིར་ལ་དྭགས་དབུས་གཞུང་མངའ་སྡེའི་སྲིད་སྐྱོང་གཞོན་པ་སྐུ་མདུན་ལ་ལ་དྭགས་མི་མང་ཚབ་ཞུས་ཏེ་ཞུ་སྐུལ་སྙན་ཐོ་ཞིག་འཕུལ་སོང་།
དེའི་ནང་གཙོ་བོ་ས་གནས་སུ་སློབ་གྲྭ་མང་པོ་ཡོད་པ་ཀུན་ལ་བྷོ་ཊི་དགེ་རྒན་ཡག་པོ་དགོས་པ་དང་གཅིག གཞུང་འབྲེལ་གྱི་ཡིག་ཆ་ཚང་མ་བྷོ་ཊི་སྐད་ཡིག་ཐོག་བསྐོལ་དགོས་པ་དང་གཉིས། ལ་དྭགས་ས་གནས་སུ་མཐོ་སློབ་ཁག་གི་ནང་བྷོ་ཊི་སྡེ་ཚན་ལོགས་སུ་གསར་འཛུགས་བྱེད་དགོས་པ་དང་རྒྱ་གར་གྱི་ཤེས་ཡོན་སྲིད་འཇུས་གསར་པ་བཞིན་བྷོ་ཊི་སྐད་ཡིག་དེ་སློབ་གྲྭ་སློབ་ཕྲུག་ཀུན་ལ་བྷོ་ཊི་སྐད་ཡིག་དེ་མ་སྐད་བཞིན་བསླབ་དགོས་པ་དང་། གཙོ་བོར་ལ་དྭགས་དབུས་གཞུང་མངའ་སྡེའི་སྲིད་སྐྱོང་གཞོན་པའི་ཕྱོགས་ནས་བྷོ་ཊི་སྐད་ཡིག་དེ་རྒྱ་གར་རྩ་ཁྲིམས་ཀྱི་ལེའུ་རྒྱད་པའི་ནང་འཚུད་ཐབས་འགན་འཁུར་ལེན་དགོས་པ་བསྐུལ་མ་གནང་སོང་།
ལ་དྭགས་ཀྱི་སྐད་དམ་བྷོ་ཊི་འམ་བོད་ཡིག་ཞེས་ཅི་འདྲ་འབོད་དགོས་པའི་ཐོག་མི་མང་པོའི་བརྩོད་པ་རྒྱག་གི་ཡོད་པའི་བྷོ་ཊི་སྐད་ཡིག་ནི་བོད་ཡིག་རང་ཡིན་པ་དང་དེ་ཡང་ཐོག་མ་ཐོན་མི་སམ་བྷོ་ཊས་བརྩམས་པ་དེ་རང་ཡིན་པར་ཚང་མའི་ངོས་འཛིན་བྱེད་ཀྱི་འདུག་ལ། ཡང་སྐད་ཡིག་དེ་ཧི་མ་ལ་ཡའི་ལྗོངས་ཀྱིས་བེད་སྤྱོད་བྱེད་པ་ལ་ལུང་པའི་ལུང་སྐད་བཞིན་བྷོ་ཊི་ཞེས་འབོད་བཞིན་ཡོད་པ་རེད་འདུག
ལོ་རྒྱུས་ནང་བྷོ་ཊི་ཞེས་ལ་དྭགས་སུ་གཞུང་འབྲེལ་མ་ཡིན་པའི་ལ་དྭགས་ནང་པ་ཚོགས་འདུ་གཙོའི་ཚོགས་པ་དང་སྒེར་མང་པོ་སྐད་ཡིག་དེ་རྒྱ་གར་དབུས་གཞུང་ནས་ངོས་ལེན་དགོས་པའི་བསྐུལ་མ་འདོན་བཞིན་འདུག་ལ། སྤྱི་ལོ་༢༠༢༢ལོར་ལ་དྭགས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་བྷོ་ཊི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམ་ལེའུ་བརྒྱད་པའི་ནང་བླུག་དགོས་པའི་ཁྲིམས་འཆར་གཏོན་ཡོད། དེ་ནས་བཟུང་ལ་དྭགས་དབུས་གཞུང་མངའ་སྡེ་རུ་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འགན་འཁུར་འོག་ས་གནས་སུ་ཕྱི་ཟླ་༤པའི་ཚེས་༡་དེ་བྷོ་ཊི་སྐད་ཡིག་གི་ཉིན་ཞེས་ཞེས་ལོ་ལྟར་སྲུང་བརྩི་ཞུས་ཡི་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།